ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མགོ་གཙོས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་རྒྱུའི་ཚུལ་བསྟན།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་གཉིས་ཀྱིས་ཚེས13ཉིན་མའོ་སི་མའོ་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་དང་བདེ་འཇགས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། མནའ་མཐུན་རྒྱལ་ཁབ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཁྱབ་ཁོངས་སོ་སོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་པ་དང་། ཕྱོགས་ཡོངས་ནས་ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། དེའི་ཞོར་དུ་བདག་དབང་འདྲ་མཉམ་དང་ཕ་རོལ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་པ་སོགས་ཀྱི་རྩ་དོན་རྨང་གཞིར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་མ་ཟད། ཆབ་སྲིད་དང་ཕྱི་འབྲེལ། དམག་དོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་བྱང་ཆིངས་རྩ་འཛུགས་ཀྱི་དགྲར་འཛིན་འགུལ་སྐྱོད་ལ་རྒོལ་ལན་སྤྲོད་རྩིས་ཡོད་ཟེར།
ལུའུ་ཁཱ་ཧྲིན་ཁི་ཉིན་དེའི་སྔ་དྲོར་མའོ་སི་ཁོ་རུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། ཕུའུ་ཅིན་གྱིས་ལུའུ་ཁཱ་ཧྲིན་ཁི་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ལུའུ་ཁཱ་ཧྲིན་ཁི་ཡང་བསྐྱར་ཨུ་རུ་སི་དཀར་པོའི་ཙུང་ཐུང་དུ་བདམས་རྗེས་ཐོག་དང་པོར་ཨུ་རུ་སིར་འཚམས་འདྲི་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམིགས་བསལ་རང་བཞིན་ཏེ་རྒྱལ་ཁབ་གཉིས་ནི་བློ་གཏད་རུང་བའི་མནའ་མཐུན་གྲོགས་པོ་དང་འཐབ་ཇུས་གྲོགས་པོ་ཡིན་པ་མངོན་སུམ་དུ་མཚོན་ཡོད་ཟེར། ལུའུ་ཁཱ་ཧྲིན་ཁི་ཡིས་རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་འབྲེལ་བར་གཟེངས་བསྟོད་བྱས་པ་དང་། ཨུ་རུ་སི་དཀར་པོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་བཅས་པའི་རྒྱལ་སྤྱིའི་གནད་དོན་མང་བོའི་ཐད་གཅིག་མཐུན་གྱི་ལངས་ཕྱོགས་བཟུང་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་དང་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་སོགས་ཡིག་ཆ་མང་བོ་བཀོད། ཕྱོགས་གཉིས་ཀྱིས་ད་རུང་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་མཐུན་རྒྱལ་ཁབ་བདེ་འཇགས་འགན་སྲུང་ཆིངས་ཡིག་གི་ཆོག་མཆན་ཡི་གེ་བརྗེ་རེས་བྱས་པ་དང་། ཆིངས་ཡིག་དེ་ད་ནས་བཟུང་ནུས་ལྡན་དུ་གྱུར་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注