ཧཱ་མཱ་སི་ཡིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་དེའི་སྔོན་བཀོད་པའི་ནང་དོན་ལྟར་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དུས་ཚོད་རེའུ་མིག་གཞིར་བཟུང་ནས་བཀག་འཇུག་ཐེབས་པའི་མི་སྣ་བརྗེ་སྤོར་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་བར་འདུམ་ཕྱོགས་དང་གྲོས་མོལ་བྱས་ཏེ། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་དང་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་གནད་དོན་ལ་གྲོས་བསྡུར་བྱས། གྲོས་མོལ་ལས་གཙོ་བོ་ངེས་པར་དུ་གྲོས་མཐུན་ལས་གཏན་འཁེལ་བྱས་པའི་ནང་དོན་ཚང་མ་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་དང་ཅཱ་ཧྲ་ས་ཁུལ་དུ་སྔོན་ལས་ཁང་བ་དང་རས་གུར། སྒྲིག་ཆས་ཆེ་གྲས། སྨན་བཅོས་ཡོ་བྱད། འབར་རྫས་སོགས་མྱུར་མོར་སྐྱེལ་འདྲེན་བྱེད་པར་གྲོས་བསྡུར་བྱས་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། བར་འདུམ་ཕྱོགས་ཁག་ཨེ་ཅིབ་དང་ཁཱ་ཐར་གྱིས་མུ་མཐུད་དུ་འབྲེལ་ཡོད་གནས་ཚུལ་ལ་རྗེས་འདེད་ལྟ་རྟོག་དང་འགལ་བ་ཁ་གསབ་བྱེད་བཞིན་ཡོད་པས། ཧཱ་མཱ་སི་ཡིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་ཏེ་དུས་ཚོད་རེའ་མིག་ལྟར་དུ་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་རྒྱུ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注