ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གནད་དོན་གྱི་གྲོས་མོལ་ལ་ཡོ་རོབ་གླིང་མེད་དུ་མི་རུང་བའི་ཚུལ་བསྟན།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས12ཉིན་སྔོན་ལ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མགོ་ཁྲིད་པར་ཁ་པར་གཏོང་བ་དང་། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་འཐད་པ་བྱུང་བར་དམིགས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས13ཉིན་བསྟན་དོན། ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་བདེ་འཇགས་ལ་འབྲེལ་བའི་གྲོས་མོལ་གང་ཡིན་ཡང་ཡོ་རོབ་གླིང་མེད་དུ་མི་རུང་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཉིན་དེར་པུའུ་ལུའུ་སེར་དུ་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ང་ཚོ་མེད་པར་བཀོད་པའི་གྲོས་མཐུན་གང་ཡིན་ཡང་དང་ལེན་བྱེད་མི་ཐུབ་པ་ཞིག་ཡིན་ལ། གྲོས་མཐུན་གང་ཡིན་ཡང་ཝུའུ་ཁི་ལན་དང་ཡོ་རོབ་གླིང་ཞུགས་དགོས་ཟེར།
ཁཱ་ལཱ་སི་ཡིས་ཉིན་དེར་ད་རུང་དྲ་ཐོག་ཏུ་ཧྥ་རན་སི་དང་འཇར་མན། ཕོ་ལན། སི་ཕེན། དབྱིན་ཇི་བཅས་དང་མཉམ་དུ་སྤེལ་བའི་གསལ་སྒྲོག་ཅིག་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། ང་ཚོའི་ཐུན་མོང་དམིགས་འབེན་ནི་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་ཏེ། དྲང་བདེན་དང་ཕྱོགས་ཡོངས། ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་དུ་འཇུག་རྒྱུ་དེ་ཡིན་ལ། ཝུའུ་ཁི་ལན་གྱི་ཁེ་ཕན་ལ་ཁག་ཐེག་བྱེད་དགོས་པ་དང་། ང་ཚོ་རང་ཉིད་ཀྱི་ཁེ་ཕན་ལའང་ཁག་ཐེག་བྱེད་དགོས། ང་ཚོས་ཨ་མེ་རི་ཁའི་མནའ་མཐུན་དང་མཉམ་དུ་མ་འོངས་པའི་ཐབས་ལམ་ལ་གྲོས་བསྡུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་མགྲིན་ཚབ་པ་ཕིས་ནེ་ཨོ་ཡིས་ཚེས13ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱི་བདེ་འཇགས་འབྲེལ་བ་དེ་ཡོ་རོབ་གླིང་ལ་འབྲེལ་བ་ཡོད་པ་དང་། ཡོ་རོབ་གླིང་གི་བདེ་འཇགས་དེ་ཡང་ཝུའུ་ཁི་ལན་ལ་འབྲེལ་བ་ཡོད། དེ་བས་ཡོ་རོབ་གླིང་དང་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འབྲེལ་བའི་གྲོས་མོལ་གང་ཡིན་ཡང་ཡོ་རོབ་གླིང་ངེས་པར་དུ་ཞུགས་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注