ཨ་མེ་རི་ཁས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཞུ་གཏུག་ལས་ཁུངས་ཀྱི་ཁྲིམས་དཔོན་གསར་བའི་འདེམ་བསྐོ་སླར་གསོ་བྱེད་པའི་ལས་རིམ་ལ་ཡང་བསྐྱར་བར་ཆད་བཟོས། 

ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་སྤེལ་བའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་ལས་ཁུངས་ཀྱི་གྲོས་ཚོགས་སྟེང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་ཉེར་བདུན་གྱིས་བཏོན་པའི་ཞུ་གཏུག་ལས་ཁུངས་ཀྱི་ཁྲིམས་དཔོན་གསར་བའི་འདེམ་བསྐོ་སླར་གསོ་བྱེད་པའི་ལས་རིམ་སྐོར་གྱི་གྲོས་འདོན་དེར་ཨ་མེ་རི་ཁས་ངོ་རྒོལ་བྱས་པའི་དབང་གིས་གྲོས་འཆམ་བྱུང་མེད། དེ་ནི་གྲོས་འདོན་དེར་ཐེངས་རེ་གསུམ་པར་བཀག་རྒྱ་ཐེབས་པ་རེད། 

ཝེ་ཏི་མཱ་ལཱ་ཡིས་གོང་གི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་ཉེར་བདུན་གྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། གྲོས་འདོན་དེར་མཉམ་འབྲེལ་མིང་འགོད་བྱས་པའི་ཁོངས་གཏོགས་རྒྱལ་ཁབ་མང་བ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཞུ་གཏུག་ལས་ཁུངས་ཀྱི་མིག་སྔའི་གནས་ཚུལ་ལ་མཉམ་དུ་སེམས་ཁུར་བྱེད་པ་མཚོན་ཡོད། ཞུ་གཏུག་ལས་ཁུངས་ཀྱི་ལས་མཚམས་བཞག་པ་དེས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་རྐྱེན་སྲོལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ནས། ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་བཟོས་ཡོད་ཟེར། 

ཨ་མེ་རི་ཁའི་འཐུས་མིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ་གྲོས་འདོན་དེར་ངོ་རྒོལ་བྱེད་པའི་ཚུལ་བསྟན། རྒྱུ་མཚན་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་གཞི་རྩའི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་ནས། རྩོད་གླེང་ཐག་གཅོད་རྐྱེན་སྲོལ་གྱི་འཁོར་སྐྱོད་བཟང་བོར་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན་པ་རེད། 

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་གྲོས་མོལ་རྩ་དོན་ལྟར་ན། རྩ་འཛུགས་དེའི་ཆོད་དོན་ཆེན་མོ་ཚང་མར་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་རེ་བཞིས་མཉམ་དུ་གྲོས་མོལ་བྱས་ཏེ། ཐུན་མོང་བསམ་འཆར་བྱུང་ན་ད་གཟོད་འདོན་དགོས་པ་རེད། དེ་ལས་ཁོངས་གཏོགས་རྒྱལ་ཁབ་གང་རུང་ལ་འདེམ་ཤོག་གཅིག་གིས་ཁས་ལེན་མི་བྱེད་པའི་དབང་ཆ་ཡོད་པ་མཚོན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨ་མེ་རི་ཁས་ཡང་དང་བསྐྱར་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་རྐྱེན་སྲོལ་བཀོལ་ནས། ཕྱོགས་གཅིག་ནས་ཞུ་གཏུག་ལས་ཁུངས་ཀྱི་ཁོངས་མི་གསར་བའི་འདེམ་བསྐོ་སླར་གསོ་བྱེད་པར་བར་ཆད་བཟོས་པ་རེད། 

ཉིན་དེའི་གྲོས་ཚོགས་སྟེང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཉི་ཤུ་ལྷག་གི་འཐུས་མིས་གཏམ་བཤད་སྤེལ་ནས་གྲོས་འདོན་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ནེ་ཀྲི་རི་ཡཱའི་འཐུས་མིས་གཏམ་བཤད་སྤེལ་སྐབས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རིམ་གཉིས་རྩོད་གླེང་ཐག་གཅོད་རྐྱེན་སྲོལ་གྱི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཀྱི་གཏན་འཇགས་རང་བཞིན་དང་སྔོན་དཔག་རང་བཞིན་ཐད་ཀྱི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་པ་དང་། མིག་སྔའི་རྣམ་པ་དེ་གཏོར་བའི་དགོས་གལ་རང་བཞིན་ནན་བཤད་བྱས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号