དབྱི་ལིང་གིས་ཉིང་རྡུལ་སྒྲིག་ཆས་གཉིས་ཀྱི་ཉེ་འདབས་ནས་སྐོར་ཐེངས་གསར་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་སྐམ་དམག་གི་མཁའ་སྲུང་དམག་དཔུང་གིས་ཉིན་དེར་རྒྱལ་ཁབ་དེའི་ནུབ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་ནས་སྐོར་ཐེངས་གསར་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་སྤེལ་ཟེར།
བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཚབ་མིང་ལ་སྟོབས་ཤུགས་ཟེར་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་གྱི་ཁག་ཅིག་ཡིན་པ་དང་། རྒྱལ་ཁབ་དེའི་ནུབ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་གྱི་ཧྥུའུ་ཨར་ཏའོ་དང་ཧོང་ཏཱ་པུའུ་གཉིས་ཀྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཉེ་བའི་མཁའ་སྲུང་ས་ཁོངས་སུ་སྤེལ་བ་རེད། དུས་རིམ་དང་པོའི་དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས7བདུན་དབྱེ་སི་ཧྥ་ཧན་ཞིང་ཆེན་གྱི་ནཱ་ཐན་ཙི་ཉིང་རྡུལ་སྒྲིག་ཆས་ཡོད་སའི་ཉེ་འདབས་ནས་སྤེལ་བ་རེད།
བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་དོན་དངོས་ཀྱི་འཐབ་འཁྲུག་ཁོར་ཡུག་ལ་ལད་བཟོ་བྱས་པའི་གནས་ཚུལ་འོག་སྤེལ་བ་དང་། འཕུར་མདའ་དང་ལེ་ཏཱ། གློག་རྡུལ་གསང་འཕྲིན། མྱུལ་ཞིབ་དམག་དཔུང་། དེ་མིན་མི་མེད་གནམ་གྲུ་སོགས་ཀྱིས་མཉམ་དུ་དཔུང་འཇུག་དང་འགོག་རྒོལ་གྱི་ལས་འགན་ལག་བསྟར་བྱས། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་མཁའ་སྲུང་འཆར་གཞིས་དགྲ་བོའི་བཙན་འཛུལ་གྱི་དངོས་འཐབ་ཕན་ནུས་ལ་དཔྱད་འཇོག་བྱས་ཤིང་། དྲག་ཆས་དམག་དཔུང་གི་གསང་འཕྲིན་ཁྱད་སྟོབས་ལ་འགན་སྲུང་བྱེད་པ་དང་། དུས་ལྟར་བཙན་འཛུལ་དམིགས་འབེན་རྙེད་པ། མཁའ་སྲུང་དམག་དཔུང་གི་དངོས་འཐབ་ཁོར་ཡུག་ཁྲོད་ཀྱི་འཐབ་རྩལ་གནས་ཚུལ་ལ་དཔྱད་འཇོག་བྱེད་པ་སོགས་འདུས་ཡོད་ཟེར།
གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་ཧྥ་ཧན་ཞིང་ཆེན་གྱིས་སྤེལ་བའི་དུས་རིམ་དང་པོའི་དམག་དོན་སྦྱོང་བརྡར་ཁྲོད། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མཁའ་འགྲུལ་དམག་དཔུང་དམག་དོན་སྦྱོང་བརྡར་ནང་ཞུགས་པ་དང་། གློག་རྡུལ་འཐབ་འཁྲུག་གི་ཡ་ང་བའི་ཆ་རྐྱེན་འོག ཉིང་རྡུལ་ནུས་པའི་རྟེན་གཞིར་ཕྱོགས་ཡོངས་ནས་འགོག་སྲུང་པ་དང་། བར་སྣང་གི་འཇིགས་ཉེན་མང་བོར་བཀག་འགོ་བྱས། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པས་ཚེས6ཉིན་ཐེངས་འདིའི་དམག་དོན་སྦྱོང་བརྡར་ཐད་ནས་བསྟན་དོན། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དབྱི་ལིང་དམག་དཔུང་གི་དམག་དོན་གྲ་སྒྲིག་དོགས་ཟོན་རྣམ་པ་སྲུང་འཛིན་དང་མཐོར་འདེགས་བྱས་ཏེ། མི་མངོན་པའི་དམག་དོན་འཇིགས་ཉེན་དང་གཏོར་བརླག་བྱ་སྤྱོད་ཐག་གཅོད་བྱས་ནས་རྒྱལ་ཡོངས་ཀྱི་བློ་སྤོབས་ཆེ་རུ་འགྲོ་བར་སྐུལ་མ་གཏོང་ཆེད་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注