ཁ་ཐར་གྱིས་ཅ་ཧྲའི་གདོང་ཐུག་འདུམ་སྒྲིག་ཕྱིར་འཐེན་བྱས་མེད་པར་བརྗོད་པ།
ཁ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས9ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁ་ཐར་གྱི་ཅ་ཧྲའི་གདོང་ཐུག་འདུམ་སྒྲིག་བྱེད་པའི་ལས་དོན་དེ“མཚམས་འཇོག”གི་གནས་སུ་གྱར་མོད། འོན་ཀྱང་ཁ་ཐར་གྱི་འདུམ་སྒྲིག་ཕྱིར་འཐེན་བྱས་པའི་འབྲེལ་ཡོད་ཆ་འཕྲིན་སྤེལ་བ་ནི་ཡང་དག་ཅིག་མིན་ཞེས་བཤད་པ་རེད།
གསལ་བསྒྲགས་ནང་བཤད་རྒྱུར། ཕྱོགས་སོ་སོས་ཅ་ཧྲ་ས་ཁུལ་གྱི་གདོང་ཐུག་དང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཀག་འགོག་བྱེད་པའི་ལྷག་བསམ་རྣམ་དག་ཡོད་ཚེ། ཁ་ཐར་གྱིས་འདུམ་སྒྲིག་གི་ལས་དོན་བསྐྱར་དུ་སྤེལ་འགོ་རྩོམ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
གསལ་བསྒྲགས་ནང་ད་དུང་བཤད་རྒྱུར། དེ་སྔོན་ཕ་ལེ་སི་ཐན་དབྱི་སི་ལན་གྱི་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་ཏོ་ཧར་བཅའ་སྡོད་དོན་གཅོད་ཁྲུའུ་སྐོར་གྱི་གནས་ཚུལ་སྤེལ་བ་དེ་ཡང་འཕྱུགས་པ་མེད་པ་ཞིག་རེད། དོན་གཅོད་ཁྲུའུ་དེ་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་འབྲེལ་ཡོད་ཕྱོགས་ཁག་བར་འབྲེལ་གཏུག་བྱེད་པའི་ཐབས་ལམ་དུ་འགྱུར་བར་བྱ་རྒྱུ་དེ་ཡིན་ཞིང་། ཐབས་ལམ་དེས་ན་ནིང་ཟླ11པར་ཧ་མ་སི་དང་དབྱི་སི་རལ་གྱི་བར་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་འཁོད་ཡོད་པ་རེད།
ཚེས9ཉིན།ནུབ་ཕྱོགས་ཀྱི་སྨྱན་བྱད་མང་པོས་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཁ་ཐར་གྱི་འདུམ་སྒྲིག་ཕྱིར་འཐེན་བྱས་པ་དང་བསྟུན་ནས་ཧ་མ་སིས་ཏོ་ཧ་དོན་གཅོད་ཁྲུའུ་ཡི་སྒོ་རྒྱག་དགོས་པའི་རེ་བ་བཏོན་ཡོད་ཟེར།
སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་ཐུག་དེ་ལོ་གཅིག་ལས་བརྒལ་ཡོད། ཁ་ཐར་དང་ཨེ་ཅིབ།ཨ་རི་སོགས་རྒྱལ་ཁབ་ཀྱིས་འདུམ་སྒྲིག་བྱས་པ་དེས་དབྱི་སི་རལ་དང་ཧ་མ་སིའི་བར་ནམ་ཡང་དམག་འཁྲུག་མཚམས་འཇོག་པར་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བྱེད་ཐུབ་མེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注