ལྷོ་ཁོ་རེ་ཡས་འཕྲལ་མར་རིམས་འགོག་བྱེད་དགོས་པའི་བཀའ་བཏང་།
ཉེ་དུས་ལྷོ་ཁོ་རེ་ཡའི་ས་ཆ་མང་པོ་ཞིག་ཏུ་ཧྥེ་གླིང་གི་ཕག་རིམས་ནད་བསྟུད་མར་ཐོན་པར་སྲིད་གཞུང་སྡེ་ཁག་གིས་དོ་ཁུར་བྱས་པ་རེད། ཚེས7ཉིན་ལྷོ་ཁོ་རེ་ཡའི་རྒྱལ་དོན་ཙུང་ལི་ཧན་ཏེ་ཀྲུའུ་ཡིས་འབྲེལ་ཡོད་སྡེ་ཁག་ལ་ཛ་དྲག་གི་རིམས་འགོག་བྱེད་ཐབས་སྤྱད་དེ་རིམས་ནད་མཆེད་རྒྱུ་སྔོན་འགོག་བྱེད་དགོས་པའི་བཀའ་བཏང་བ་རེད།
ཚེས7ཉིན་ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཧྲོའར་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ161གྱི་སར་གནས་པའི་ཆིང་ཧྲང་བྱང་ཏའོ་ལི་ཆོན་ཅུན་དུ་ཧྥེ་གླིང་གི་ཕག་རིམས་ནད་ཐོན་པ་དང་། དོན་རྐྱེན་ཐོན་པའི་ཕག་གསོ་ར་བས་ཕག900ཙམ་གསོ་ཚགས་བྱས་ཡོད་པ་རེད། འདི་ནི་ལྷོ་ཁོ་རེ་ཡས་ད་ལོར་སྙན་ཞུ་ཕུལ་བའི་ཧྥེ་གླིང་ཕག་རིམས་ནད་ཀྱི་རིམས་ནད་ཐེངས་དྲུག་པ་ཡིན། ཟླ་འདིའི་ཚེས2ཉིན་ཆིང་ཧྲང་པེ་ཏའོ་རུ་གནས་པའི་ཨན་ཏུང་གྲོང་ཁྱེར་གྱིས་ཀྱང་ཧྥེ་གླིང་གི་ཕག་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་ཕུལ་ཡོད།
ཚེས7ཉིན་ལྷོ་ཁོ་རེ་ཡའི་རྒྱལ་དོན་ཙུང་ལི་ཧན་ཏེ་ཀྲུའུ་ཡིས་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་ལ་རིམས་ནད་དང་འབྲེལ་བ་ཡོད་པའི་ཕག་གསོད་པ་དང་། སྐྱེལ་འདྲེན་བཀག་རྒྱ་ཁྱབ་བསྒྲགས་བྱེད་པ། རིམས་ནད་རིག་པའི་བརྟག་དཔྱད་བྱེད་པ་སོགས་ཚུད་པའི་ཛ་དྲག་གི་རིམས་འགོག་བྱེད་ཐབས་སྤྱོད་དགོས་པའི་བཀའ་བཏང་བ་རེད།
སྲིད་གཞུང་སྡེ་ཁག་གིས་ལི་ཆོན་ཅུན་དང་ཉེ་འཁོར་གྱི་ཅུན་དང་གྲོང་ཁྱེར6གི་ཕག་གསོ་ར་བ་དང་འབྲེལ་ཡོད་སྒྲིག་བཀོད་ལ་སྐྱེལ་འདྲེན་བཀག་རྒྱ་བཏང་ནས། ཕག་གསོད་པ་དང་རིམས་ནད་དང་འབྲེལ་བ་ཡོད་པའི་ཕག་གསོ་ར་བ་དང་ཉེ་འཁོར་གྱི་འགྲོ་ལམ་ལ་དུག་སེལ་བ་སོགས་ཀྱི་བྱེད་ཐབས་སྤྱོད་རྒྱུ་རེད། ལྷོ་ཁོ་རེ་ཡའི་ཞིང་ནགས་ཕྱུགས་ལས་བཟའ་བཅའ་པུས། རིམས་ནད་དང་འབྲེལ་བ་ཡོད་པའི་ཕག་གསོ་ར་བས་གསོ་ཚགས་བྱས་པའི་ཕག་མང་པོ་མེད་པས་སྔོན་དཔག་བྱས་ན་བྱེད་ཐབས་འདིས་ས་གནས་དེ་གའི་ཁྲོམ་རའི་ཕག་ཤ་མཁོ་སྤྲོད་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བཤད་པ་རེད།
ཧྥེ་གླིང་གི་ཕག་རིམས་ནད་ནི་ནད་དུག་ཕག་ལ་འགོས་པ་ལས་བྱུང་བའི་མྱུར་གཤིས་དང་། ཁྲག་ཐོན་རང་བཞིན། འགོས་ནད་དྲག་པོའི་རིགས་ཤིག་ཡིན་པ་དང་། ཚ་བ་མཐོ་བ་དང་། ནང་ཁྲོལ་དབང་བོ་ནས་ཁྲག་ཚབས་ཆེན་ཐོན་པ། ཤི་ཚད་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཧྥེ་གླིང་གི་ཕག་རིམས་ནད་ནི་མི་ཕྱུགས་མཉམ་དུ་ཕོག་པ་ཞིག་མིན་པས་འབྲེལ་ཡོད་ནད་དུག་མིའི་རིགས་ལ་འགོ་མི་སྲིད། འོན་ཀྱང་ནད་དུག་གིས་སྦགས་པའི་ཟས་རིགས་སམ་ལྷམ། ཡོ་བྱད། རླངས་འཁོར་སོགས་དངོས་རྫས་ཀྱིས་ནད་དུག་མཆེད་པར་སྐུལ་འདེད་བྱེད་སྲིད། ནད་དུག་འདིའི་རིགས་དྲོད་ཚད་མཐོ་བའི་ཆ་རྐྱེན་མིན་པའི་འོག་ཏུ་དུས་ཡུན་རིང་བོར་གསོན་ཐུབ། མིག་སྔར་འགོག་བཅོས་བྱེད་ཐུབ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་ཁབ་དང་ཁྱད་ནུས་སྨན་མེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注