ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་གྱིས་སཱ་ཧི་ལེ་རྒྱལ་ཁབ་མནའ་འབྲེལ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།
ནེ་ཀྲིར་དང་མཱ་ལི། པུ་ཁི་ནཱ་ཧྥ་སོ་བཅས་རྒྱལ་ཁབ་གསུམ་གྱི་དམག་དོན་མགོ་ཁྲིད་པས་ཚེས་དྲུག་ཉིན་ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མཱེ་ནས་སཱ་ཧི་ལེ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཐོག་མ་བསྡུས་པར་མ་ཟད། སཱ་ཧི་ལེ་རྒྱལ་ཁབ་མནའ་འབྲེལ་བཙུགས་པ་ཁྱབ་བསྒྲགས་བྱས།
རྒྱལ་ཁབ་གསུམ་གྱི་དམག་དོན་མགོ་ཁྲིད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཁོངས་ཧྲིལ་བོས་མཉམ་དུ་འཇིགས་སྐུལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ད་ལོའི་ཟླ་གསུམ་པར་སཱ་ཧི་ལེ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་འབྲེལ་དམག་དཔུང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པའི་དེར་ཁས་ལེན་བྱས་པ་དང་། དམག་དཔུང་དེའི་དམིགས་ཡུལ་ནི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཡོད་པའི་ནག་ཉེས། མནའ་འབྲེལ་གྱི་མདུན་དུ་ལྷགས་པའི་འཇིགས་ཉེན་གཞན་པ་སོགས་ལ་ཆམ་ཕབ་གཏོང་བའི་ཆེད་དུ་རེད།
དེ་ལས་གཞན། རྒྱལ་ཁབ་གསུམ་གྱིས་ད་རུང་མནའ་འབྲེལ་རྒྱལ་ཁབ་ནང་ཁུལ་ནས་དངུལ་གཏོང་དངུལ་ཁང་ཞིག་བཙུགས་ནས་ཐེབས་རྩ་འཛུགས་རྒྱུ་ཐག་བཅད་པར་མ་ཟད། དེའི་ཞོར་དུ་མི་སྣ་དང་ཚོང་རྫས། ཞབས་ཞུའི་འཁོར་རྒྱུག་བཅས་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་ཞིག་འཛུགས་རྒྱུ་རེད།
2023ལོའི་ཟླ9བར། ནེ་ཀྲིར་དང་མཱ་ལི། པུ་ཁི་ནཱ་ཧྥ་སོ་བཅས་རྒྱལ་ཁབ་གསུམ་གྱིས་མཱ་ལིའི་རྒྱལ་ས་པཱ་མཱ་ཁི་ནས་ལེ་ཕུའུ་ཐཱ་ཁི་དང་ཀུའུ་ཨར་མཱའི་སྒྲིག་ཡིག་བཀོད་དེ། སཱ་ཧི་ལེ་རྒྱལ་ཁབ་མནའ་འབྲེལ་འཛུགས་པར་འཐད་པ་བྱུང་། སྒྲིག་ཡིག་དེ་ལྟར་ན། ཆིངས་ཡིག་བཀོད་པའི་རྒྱལ་ཁབ་གང་རུང་ལ་འཇབ་རྒོལ་ཐེབས་སྐབས། ཆིངས་ཡིག་བཀོད་པའི་རྒྱལ་ཁབ་གཞན་པས་ངེས་པར་དུ་དམག་དོན་རྒྱབ་སྐྱོར་སོགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས། ད་ལོའི་ཟླ་དང་པོར། རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། མྱུར་མོར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注