མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་བཀོལ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་ལྟ་ཞིབ་པ་མན་སུའུ་ཨར་གྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་བསྡུས་པའི་ལོ་ཧྲིལ་བོའི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་བསྡུས་པའི་ལོ་ཧྲིལ་བོའི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ནི་ཕཱ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་བརྒྱད་ཉིན་ཕཱ་ལེ་སི་ཐན་གནད་དོན་ཐད་ནས་ལོ་ཧྲིལ་བོའི་དཔྱད་གླེང་ཚོགས་འདུ་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་གཉིས་ཀྱིས་ཚེས་ཉེར་བརྒྱད་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མྱུར་མོར་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཧྥོ་ལིང་ཞི་སི་ཡིས་དཔྱད་གླེང་ཚོགས་འདུའི་སྟེང་བསྟན་དོན། གལ་ཏེ་དྲང་བདེན་དང་ཡུན་རིང་། ཕྱོགས་ཡོངས་ཀྱི་ཞི་བདེ་མེད་ན། དབུས་ཤར་ས་ཁུལ་གྱི་ཡུན་རིང་བདེ་འཇགས་དང་གཏན་འཇགས་དེ་མངོན་འགྱུར་བྱེད་མི་སྲིད། འཁྲུག་རྩོད་དང་དྲག་ཤུགས། ཕན་ཚུན་གནོད་སྐྱེལ་བའི་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་པའི་ཐབས་ལམ་ཉག་ཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པ་དེ་ཡིན་ཟེར།

ཧྥོ་ལིང་ཞི་སི་ཡིས་ཅཱ་ཧྲ་ས་ཁུལ་དུ་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་པར་དགའ་བསུ་ཞུ་བཞིན་ཡོད་ཀྱང་། དེས་ད་རུང་མི་འདང་ཟེར། ཁོས་བཤད་རྒྱུར། ངས་དུས་ཡུན་སྔར་ལས་རིང་བོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་བཞག་ནས། ཅཱ་ཧྲ་ས་ཁུལ་དང་ཤུགས་རྐྱེན་ཐེབས་པའི་ས་ཁུལ་ཚང་མའི་རོགས་སྐྱོར་མཁོ་བའི་མི་ཚང་མར་འབྲུ་རིགས་དང་འཐུང་ཆུ། བྲེལ་མྱུར་གྱི་སྨན་བཅོས་རོགས་སྐྱོར་བཅས་ཐོབ་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར། ཁོས་ཆ་རྐྱེན་ཅི་ཡང་མེད་པར་མྱུར་མོར་མི་གཏའ་ཚང་མ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། ངེས་པར་དུ་ཅཱ་ཧྲ་ས་ཁུལ་དང་ཤུགས་རྐྱེན་ཐེབས་པའི་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པ་ནན་བཤད་བྱས།

ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ད་ལོའི་རྒྱལ་སྤྱིའི་རོགས་སྐྱོར་ཉིན་མོ་དེ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལོ་རྒྱུས་སྟེང་ཆེས་ཡ་ང་བའི་དུས་སྐབས་ཤིག་རེད། ཉིན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པ་བསྐྱར་སྒྲོག་བྱེད་དགོས་ལ། ཕཱ་ལེ་སི་ཐན་མི་དམངས་ཀྱིས་ཞི་བདེ་དང་ལ་རྒྱའི་ཁྲོད་འཚོ་བ་རོལ་བའི་ཁེ་དབང་བསྐྱར་སྒྲོག་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཞིག་ཉམས་སུ་མྱོང་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱིས་ཞི་བདེ་དང་དྲང་བདེན། བདེ་འཇགས། ལ་རྒྱ་ཡོད་པའི་མ་འོངས་པ་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ང་ཚོ་ངེས་པར་དུ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་བཙན་བཟུང་དང་བཀག་སྡོམ་མཇུག་སྒྲིལ་དགོས་པའི་རེ་བ་དྲག་པོ་འདོན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཀྱི་རྨང་གཞིའི་སྟེང་། བློ་བརྟན་འགྱུར་མེད་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་དང་བདེ་འཇགས་མཉམ་གནས་ཀྱི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号