ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པས་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་བའི་སྣང་ཚུལ་མི་ལེགས་པ་གཏོར་དགོས་པའི་ཚུལ་བསྟན།


ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགོད་པར་གཏམ་བཤད་སྤེལ།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། གཟའ་འཁོར་འདིར་བསྡུ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་སྟེང་། འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པ་དག་གིས་ངེས་པར་དུ་འགུལ་སྐྱོད་སྤེལ་ནས་འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་བའི་སྣང་ཚུལ་མི་ལེགས་པ་གཏོར་ནས། ནམ་ཟླའི་འགྱུར་ལྡོག་གི་གནས་ཚུལ་སྔར་ལས་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགོད་པར་གཏམ་བཤད་སྤེལ་ཏེ། རང་ཉིད་ཀྱིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་གླིང་སྣེ་ལྷོ་མ་ནས་འཁྱག་རོམ་ཞུ་བའི་མྱུར་ཚད་ཧ་ལས་པ་ཞིག་ཡིན་པ་དངོས་སུ་མཐོང་། དེ་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་མགོ་ལས་ལྡབ་གསུམ་གྱིས་ཇེ་མགྱོགས་སུ་སོང་ཡོད་ཟེར། ཁོས་བཤད་རྒྱུར། གླིང་སྣེ་ལྷོ་མར་བྱུང་བའི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་དེ་གླིང་སྣེ་ལྷོ་མ་ཙམ་མ་ཡིན། ང་ཚོ་གཅིག་འབྲེལ་གཅིག་བརྟེན་གྱི་འཇིག་རྟེན་དུ་འཚོ་བཞིན་ཡོད། ཞུ་བཞིན་པའི་རྒྱ་མཚོའི་འཁྱག་རོམ་ལས་མཚོ་ངོས་ཇེ་མཐོར་སྲིད་ལ། ཐད་ཀར་དུ་འཛམ་གླིང་ཡོངས་ཀྱི་མཚོ་འགྲམ་གྱི་སྡོད་དམངས་དག་གི་ཚེ་སྲོག་དང་འཚོ་སྡོད་ལ་ཉེན་ཁ་བཟོ་སྲིད་ཟེར།

ཁོས་བསྟན་དོན། ང་ཚོ་དུས་རབས་འདིའི་དུས་མཇུག་ཏུ་སའི་གོ་ལའི་དྲོད་ཚད་དྲོད་གྲངས་གསུམ་ཙམ་ཇེ་མཐོར་འགྲོ་སྲིད་པའི་གནོད་འཚེ་རང་བཞིན་གྱི་ཕྱོགས་སུ་བགྲོད་བཞིན་ཡོད། གལ་ཏེ་ཐཱན་ཕྱིར་གཏོང་སོགས་ཐད་ནས་ད་ལྟའི་གནས་ཚུལ་སྲུང་འཛིན་བྱས་ན། ཀི་ལིན་ལན་གླིང་ཕྲན་དང་གླིང་སྣེ་ལྷོ་ནུབ་ཀྱི་འཁྱག་རོམ་ཁེབས་ཚད་ཀྱི་འགྱུར་ལྡོག་དེ་ཚབས་ཆེན་དུ་འགྱུར་སྲིད་ལ། སྐབས་ཐོག་དེར་རྒྱ་མཚོའི་ངོས་དེ་སྨིད་བཅུ་ཙམ་གྱིས་ཇེ་མཐོར་འགྲོ་སྲིད། དེ་ནི་སྣང་ཚུལ་མི་ལེགས་པ་ཞིག་ཡིན་པ་དང་། འཁྱག་རོམ་གྱི་ཁེབས་ཚད་ཇེ་ཆུང་དུ་སོང་བ་སོགས་འགྱུར་ལྡོག་ལས་སའི་གོ་ལའི་དྲོད་ཚད་ཇེ་མཐོར་འགྲོ་སྲིད་ཟེར།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་སྟེང་། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ངེས་པར་དུ་འགུལ་སྐྱོད་སྤེལ་ནས་སྣང་ཚུལ་མི་ལེགས་པ་དེ་གཏོར་ནས། མི་རྣམས་ལ་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་མི་ཐེབས་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁོས་ནན་གྱིས་བསྟན་དོན། དེར་ཉིས་སྟོང་སུམ་ཅུ་ལོའི་བར་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་བེད་སྤྱོད་ཚད་ལྡབ་གཉིས་ཀྱིས་ཇེ་མང་དུ་གཏོང་དགོས་ལ། ནུས་ཁུངས་ཀྱི་ཕན་ནུས་ལྡབ་གཅིག་གིས་འཕར་ནས་མི་ཚང་མར་དག་གཙང་ནུས་ཁུངས་ཐོབ་པར་བྱེད་དགོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་བསྡུ་རྒྱུ་རེད།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号