ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ11ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མཇལ་འཕྲད་གནང་།
རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་ངོས་འཛིན་ལ་བརྩི་སྲུང་ཞུས་ནས། འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ངེས་གནས་བསྐྱར་དུ་གཏན་འཁེལ་བྱས་ཏེ། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་དགེ་མཚན་ལྡན་ཞིང་བརྟན་བརླིང་ཡིན་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་རྩེ་གཅིག་ཏུ་འབད་རྒྱུར་བསྐྱར་བསྒྲགས་བྱས།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་པ་དང་། ཆིངས་ཡིག་ནང་བཅའ་ཁྲིམས་ཀྱི་རྣམ་པའི་ངོས་ནས་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ངོས་ནས་བཤད་ན། ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ཞིག་ཏུ་གྱུར་ཡོད། ལོ་ངོ་ཞེ་ལྔ་ཡི་རིང་ལ། ཆིངས་ཡིག་ཚུད་པའི་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆའི་ཁྲིད་སྟོན་འོག་ཏུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་དཀའ་ཉོག་མང་པོ་བརྒྱུད་མྱོང་ནའང་། སྤྱི་ཕྱོགས་ནས་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ཅིང་། ས་ཁུལ་ཞི་བདེ་དང་འཕེལ་རྒྱས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་རྒྱུས་དང་ཐའེ་ཝན་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་དེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ཆབ་སྲིད་ཀྱི་རྨང་གཞི་དང་འབྲེལ་བ་ངེས་ཅན་ཡོད་པས། འཇར་པན་ཕྱོགས་ཀྱིས་ངེས་པར་དུ་ཁ་དན་ཚིག་ལ་གནས་པར་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་རྨང་གཞིར་གཏོར་བརླག་མི་བྱེད་པ་དང་གཡོ་འགུལ་མི་གཏོང་བར་འགན་ལེན་བྱེད་དགོས། ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་ཁེ་ཕན་དང་ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་ཟབ་མོ་བྱུང་ནས།“སྒོ་ར་ཆུང་ཆུང་གི་བར་གྱང་མཐོན་པོ”དང“འབྲེལ་ཐག་གཅོད་པ”བཅས་བྱས་ན་སུ་ལ་ཕན་པ་མེད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། འཇར་པན་ཚུད་པའི་འཛམ་གླིང་རྒྱལ་ཁབ་སོ་སོར་སྔར་བྱུང་མྱོང་མེད་པའི་གོ་སྐབས་སྟེར་རྒྱུ་ཡིན། ཕྱོགས་གཉིས་ཀས་མཉམ་ལས་གཏིང་ཟབ་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་ནས། འཛམ་གླིང་ཧྲིལ་པོའི་རང་མོས་ཚོང་དོན་མ་ལག་ལ་སྲུང་སྐྱོབ་ཏན་ཏིག་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་གཉིས་ཀས་ལངས་གནས་སྔར་ལས་མཐོན་པོའི་སྟེང་ནས་རྐང་ཚུགས་པར་བྱེད་པ་དང་མཐོང་རྒྱ་སྔར་ལས་ཆེན་པོ་བཅངས་ནས། ཞི་བདེ་དང་མཉམ་ལས། བསྟུན་མཁས། མཉམ་འདྲེས་བཅས་ལྟེ་བར་བྱས་པའི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་སྒོ་འབྱེད་ས་ཁོངས་རིང་ལུགས་དར་སྤེལ་གཏོང་བ། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཨན་ཐེན་ཝུན་ཞུང་གིས་འཇར་པན་ཕྱོགས་ལ་ཀྲུང་གོ་དང“འབྲེལ་ཐག་གཅོད་པའི”བསམ་བློ་མེད་ཅིང་། དམངས་ཁྲོད་འགྲོ་འོང་དང་མི་གཞུང་རིག་གནས་བརྗེ་རེས་ལ་མུ་མཐུད་སྐུལ་འདེད་བཏང་ནས། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། ནོར་སྲིད་དངུལ་རྩ། སྨན་བཅོས་རྒན་གསོ་སོགས་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་ལྟོས་ཆེ། འཇར་པན་ཕྱོགས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་མུ་མཐུད་འབད་བརྩོན་བྱས་ནས། འཇར་པན་དང་ཀྲུང་གོའི་མཉམ་འབྲེལ་སྒོས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་གསལ་བསྒྲགས་མུ་མཐུད་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་སྤུ་ཙམ་ཡང་གཏོང་མི་སྲིད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注