ཞི་ཅིན་ཕིང་གིས2023ལོའི་འཛམ་གླིང་འབྲེལ་དྲའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་ཕུལ།


ཟླ11པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་འཛམ་གླིང་མཉམ་འབྲེལ་དྲ་བའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་ཕུལ།


ཞི་ཅིན་ཕིང་གིས2015ལོར་ངས་འཛམ་གླིང་མཉམ་འབྲེལ་དྲ་བའི་ཚོགས་ཆེན་སྐབས་གཉིས་པའི་མགོ་རྩོམ་མཛད་སྒོའི་སྟེང་དུ། འཛམ་གླིང་ཧྲིལ་པོའི་མཉམ་འབྲེལ་དྲ་བ་འཕེལ་རྒྱས་བཅོས་སྐྱོང་གི“རྩ་དོན་བཞི”དང“འདོད་ཚུལ་ལྔ”དངོས་སུ་བཏོན་ནས། དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་འདོད་བློ་བསྟན་ཡོད་ཅིང་། འདུ་ཤེས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་ཆེན་པོ་ཐོབ་པ་དང་དང་ལེན་གང་ལེགས་བྱས་ཡོད། དེང་སྐབས་ཀྱི་འཛམ་གླིང་ཟང་ཟིང་དུ་འགྱུར་བཞིན་ཡོད་ཅིང་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པའི་དབང་གིས། འཕེལ་རྒྱས་མཚལ་ཡིག་ཇི་ལྟར་ཐག་གཅོད་བྱེད་རྒྱུ་དང་བདེ་འཇགས་ཀྱི་དཀའ་གནད་ཇི་ལྟར་སེལ་བ། དཔལ་ཡོན་དཔྱད་གཞིར་འཛིན་རེས་ལ་ཤུགས་ཇི་ལྟར་སྣོན་རྒྱུ་བཅས་ནི། ང་ཚོ་ཡོངས་ལ་འཕྲད་ཀྱིན་པའི་དུས་རབས་ཀྱི་ཞིབ་འཇུག་བྱེད་ཡུལ་ཞིག་ཡིན། མཉམ་འབྲེལ་དྲ་བ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་ནུས་གསར་བ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མངའ་ཁོངས་གསར་བ། ཤེས་རིག་དཔྱད་གཞིར་འཛིན་པའི་ལས་སྟེགས་གསར་བ་བཅས་སུ་འགྱུར་བཞིན་ཡོད་པ་དང་། དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་དུས་རབས་ཀྱི་བརྗོད་གཞིར་ལན་འདེབས་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འབོད་སྒྲ་ཡང་ཡིན། ང་ཚོས་བརྗེ་རེས་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་དུས་རིམ་གསར་བར་སླེབས་ཐུབ་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ང་ཚོས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དར་སྤེལ་བཏང་ནས། སྔར་ལས་ཀུན་ཕན་དར་རྒྱས་ཀྱི་དྲ་རྒྱའི་བར་སྟོང་བསྐྲུན་རྒྱུ་ཡིན། གཞི་གྲངས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ཟབ་སྤེལ་དང་། ཚན་རྩལ་གྲུབ་འབྲས་ཀྱི་འཕོ་འགྱུར་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་གཏོང་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་ཀྱི་ཧེ་བག་སྔར་ལས་ཇེ་ཆུང་དུ་གཏོང་བ། མཉམ་འབྲེལ་དྲ་བ་འཕེལ་རྒྱས་གཏོང་བའི་ཁྲོད་དམངས་ཚིས་འགན་ལེན་དང་དེ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་དང་མི་དམངས་སྔར་ལས་མང་པོས་མཉམ་འབྲེལ་དྲ་བ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་འབད་དགོས་ཞེས་གསུངས།

ང་ཚོས་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་དར་སྤེལ་བཏང་ནས། སྔར་ལས་ཞི་བདེ་དང་བདེ་འཇགས་ཀྱི་དྲ་རྒྱའི་བར་སྟོང་བསྐྲུན་རྒྱུ་ཡིན། དྲ་རྒྱའི་བདག་དབང་ལ་བརྩི་འཇོག་བྱས་ནས། རྒྱལ་ཁབ་སོ་སོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་བགྲོད་ལམ་དང་བཅོས་སྐྱོང་བྱེད་སྟངས་ལ་བརྩི་འཇོག་བྱེད་དགོས། དྲ་རྒྱའི་བར་སྟོང་གི་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱས་ནས། དྲ་རྒྱའི་བཙན་དབང་གཏན་ནས་སྤེལ་མི་རུང་། དྲ་རྒྱའི་བར་སྟོང་དཔུང་ཁག་གི་འགྲན་རྒོལ་དང་དམག་ཤུགས་འགྲན་སྡུར་མི་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དྲ་རྒྱའི་ཁྲིམས་འགལ་ཉེས་བཟོའི་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་གཏོང་བ། གཞི་གྲངས་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ཚན་རྩལ་འཕེལ་རྒྱས་ལས་བྱུང་བའི་སྒྲིག་སྲོལ་གྱི་གདོང་གཏུག་དང་སྤྱི་ཚོགས་ཀྱི་ཉེན་ཁ། མི་ཆོས་ཀྱི་འགྲན་སློང་བཅས་ལ་ཁ་གཏད་འོས་འཚམ་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ།《འཛམ་གླིང་ཧྲིལ་བོའི་མིས་བཟོས་རིག་ནུས་བཅོས་སྐྱོང་གྲོས་འགོ》དོན་འཁྱོལ་བྱས་ནས། མིས་བཟོས་རིག་ནུས་བདེ་འཇགས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ང་ཚོས་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་རྒྱུའི་འདུ་ཤེས་དར་སྤེལ་བཏང་ནས། སྔར་ལས་འདྲ་མཉམ་དང་དཀྱེལ་ཡངས་ཀྱི་དྲ་རྒྱའི་བར་སྟོང་ཤིག་བསྐྲུན་རྒྱུ་ཡིན། དྲ་ཐོག་གི་བརྗེ་རེས་དང་གླེང་མོལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཕན་ཚུན་བར་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཤེས་རིག་མི་འདྲ་བ་དཀྱེལ་ཡངས་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་སྔར་ལས་དར་སྤེལ་བཅས་བྱེད་དགོས། དྲ་རྒྱའི་ཤེས་རིག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་རིག་གནས་ཐོན་རྫས་སྤུས་དག་ཐོན་སྐྱེད་དང་ཁྱབ་སྤེལ་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་རིག་གི་གྲུབ་འབྲས་ཕུལ་བྱུང་ཅན་འགྲེམས་སྟོན་གང་ལེགས་བྱེད་པ། ཤེས་རིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། མཉམ་དུ་དྲ་ཐོག་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་ཏུ་ཆ་འཕྲིན་གསར་བརྗེ་དུས་རབས་ཀྱི་རླབས་རྒྱུན་ཚ་ཚ་འུར་འུར་ངང་མདུན་དུ་སྐྱོད་ཀྱིན་པའི་འགྲོས་དང་བསྟུན་ནས། དྲ་རྒྱའི་བར་སྟོང་གིས་མིའི་རིགས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་ཡིད་སྨོན་ཚད་མེད་སྦྲུམ་ཡོད། ང་ཚོས་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཏེ། མཉམ་འབྲེལ་དྲ་བས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ནས། མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།

2023ལོའི་འཛམ་གླིང་མཉམ་འབྲེལ་དྲ་བའི་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ཟླ11པའི་ཚེས8ནས་ཚེས10ཉིན་བར་དུ། ཀྲེ་ཅང་ཝུའུ་ཀྲིན་དུ་འཚོགས་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་ནི། “དཀྱེལ་ཡངས་དང་ཀུན་ཕན། མཉེན་གཤིས་ལྡན་པ་བཅས་ཀྱི་གཞི་གྲངས་འཛམ་གླིང་བསྐྲུན་རྒྱུ་དང་མཉམ་དུ་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས”ཞེས་པ་དེ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号