དབྱི་སི་རལ་གྱིས་ཉིན་རེར་དམག་མཚམས་ཆུ་ཚོད་བཞི་འཇོག་རྒྱུར་མོས་མཐུན་བྱས་འདུག

ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཚེས9ཉིན་བརྗོད་པ་ལྟར་ན།  དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཀ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་ཉིན་ལྟར་ཆུ་ཚོད་བཞིའི་རིང་དམག་དོན་བྱ་སྤྱོད་སྤེལ་མཚམས་བཞག་སྟེ། མི་སེར་ཕྱིར་འཐེན་དང་རོགས་སྐྱོར་དངོས་ཟོག་དབོར་འདྲེན་བྱེད་པར་མོས་མཐུན་བྱས་ཡོད་པ་རེད།  དབྱི་སི་རལ་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་བྱེད་ཐབས་དེ་ནི་འཐབ་ཇུས་རང་བཞིན་གྱི་གནས་སྐབས་དམག་མཚམས་འཇོག་པ་ཙམ་ཡིན་པ་ལས་དབྱི་སི་རལ་ཕྱོགས་ཀྱིས་འབྲེལ་ཡོད་འཐབ་ཇུས་གཞན་དག་ལ་འགྱུར་ལྡོག་བཏང་མེད་ལུགས་བརྗོད་བཞག 

པའེ་ཏེང་གིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོརX(དེ་སྔའི་ཐེ་ཐེ)ཐོག་དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ལམ་བུ་གཉིས་ཕྱེ་ནས་མི་སེར་ཚོ་ཀ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་དུ་གནས་སྤོ་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། དེ་ནི་ཡང་དག་པའི་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་ཤིག་རེད་ཅེས་བཤད་ཡོད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པའེ་ཏེང་གིས་ཚེས6ཉིན་དབྱི་སི་རལ་གྱི་ཙུང་ལི་པིན་ཡ་མིང་·ནེ་ཐ་ཉི་ཡ་ཧུའུ་ལ་ཁ་པར་བརྒྱབ་ནས་དབྱི་སི་རལ་ཕྱོགས་ཀྱིས་ཉིན་ལྟར་དམག་མཚམས་འཇོག་རྒྱུ་དོན་འཁྱོལ་བྱེད་པ་དང་འབྲེལ་ཉིན་གསུམ་རིང་བསྟུད་མར་དམག་མཚམས་བཞག་སྟེ། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་བཀག་ཉར་བྱས་པའི་མི་སྣ་ཁག་གཅིག་གློད་འགྲོལ་གཏོང་བར་བརྩོན་ལེན་བྱེད་དགོས་ཞེས་བརྗོད་ཡོད།


ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་པ་གཡོད་ཧན·ཁོ་པེས་ཚེས9ཉིན་གྱི་སྔ་དྲོར་དབྱི་སི་རལ་ཕྱོགས་ཀྱིས་ཚེས9ཉིན་ནས་བཟུང་ཀ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་ཉིན་ལྟར་ཆུ་ཚོད་བཞིའི་མི་ཆོས་རིང་ལུགས་ཀྱི་གནས་སྐབས་དམག་མཚམས་འཇོག་རྒྱུ་ལག་བསྟར་བྱ་རྒྱུ་དང་། དམག་མཚམས་འཇོག་རྒྱུའི་དུས་ཚོད་དང་ས་གནས་ཆུ་ཚོད་གསུམ་གྱི་སྔོན་དུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། དབྱི་སི་རལ་ཕྱོགས་ཀྱིས་ད་དུང་མི་སེར་ཕྱིར་འཐེན་བྱ་ཆེད་མི་ཆོས་རིང་ལུགས་ཀྱི་ལམ་བུ་གཉིས་པ་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད། 

ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ཉིན་ཤས་ནང་། དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་གྱི་མི་སེར་ཚོས་ཀ་ཧྲའི་ལྷོ་བྱང་བར་གྱི་གཞུང་ལམ་གཙོ་བོ་ཞིག་བརྒྱུད་དེ་ཀ་ཧྲ་བྱང་རྒྱུད་ནས་ཕྱིར་འཐེན་བྱ་ཆོག་པར་བྱས་ཡོད་པ་དང་། ཉིན་ལྟར་འགྲུལ་བཞུད་བྱེད་པའི་དུས་ཚོད་ནི་ཆུ་ཚོད་གསུམ་ནས་བཞིའི་བར་ཡིན། ཚེས9ཉིན་གྱི་བྱེད་ཐབས་གསར་ཤོས་ཀྱི་དམིགས་ཡུལ་ནི་བྱེད་སྟངས་དེ་དངོས་གཞི་ཅན་དང་རྒྱ་སྐྱེད་དུ་གཏོང་ཆེད་ཡིན་པ་རེད། 

ཁོ་པེ་ཡིས་དུས་ཐུང་ནང་མི་ཆོས་རིང་ལུགས་ཀྱི་དམག་མཚམས་བཞག་པ་དེས་བཀག་ཉར་མི་སྣ་གློད་གྲོལ་དང་ས་ཆ་གཞན་དུ་སྐྱེལ་བར་ཕན་ཐོགས་ཡོད་ཅེས་བཤད་འདུག

དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཧ་མ་སི་ཡིས་ད་བར་དབྱི་སི་རལ་གྱི་མི239བཙན་ཉར་བྱས་ཡོད་པ་དང་། མིང་ཡོངས་བསྒྲགས་བྱེད་འདོད་མེད་པའི་ཨ་རིའི་དཔོན་རིགས་ཤིག་གིས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་དང་། དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་ཞབས་ཞུ་ཅུས(མོ་ས་ཏེ)ཀྱི་འགན་འཁུར་བ། ཁ་ཐར་གྱི་དབུ་བཞུགས་བློན་ཆེན་བཅས་ཀྱིས་ཚེས9ཉིན་ཏོ་ཧ་རུ་ཕྱོགས་གསུམ་གྱི་གྲོས་མོལ་བྱས་ནས་ཧ་མ་སིས་བཙན་ཉར་བྱས་པའི་མི་སྣ་སྐྱོབ་རོགས་བྱ་རྒྱུར་གྲོས་བསྡུར་བྱས་ཡོད་པའི་སྐོར་བརྗོད་འདུག

མིང་བཤད་འདོད་མེད་པའི་ཨ་རིའི་དཔོན་རིགས་གཞན་ཞིག་གིས་ཧྥ་རན་སི་གསར་འགྱུར་ཁང་གི་གསར་འགོད་པར།  ཉིན་རེར་དམག་མཚམས་ཆུ་ཚོད་བཞི་འཇོག་པ་ནི་ཨ་རིའི་རྒྱལ་དོན་བློན་ཆེན་ཨན་ཏུང་ཉི·པུའུ་ལིན་ཁེན་ཚེས3ཉིན་དབྱི་སི་རལ་དུ་འཚམས་འདྲིར་ཕེབས་པའི་གྲུབ་འབྲས་ཤིག་ཡིན་པ་དང་། འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་ཉེ་ཆར་ད་གཟོད་གཏན་འཁེལ་བྱུང་བ་ཡིན་སྐོར་བརྗོད་ཡོད། 


དབྱི་སི་རལ་ཕྱོགས་ཀྱིས་ཨ་རིས་ཚེས9ཉིན་གྱི་གསལ་བསྒྲགས་བྱས་པའི་དོན་སྙིང་དེ་ཆུང་དུ་གཏོང་བཞིན་ཡོད་པ་སྟེ།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་མགྲིན་ཚབ་པ་ལི་ཁྲ་ཏེ·ཧའེ་ཧེ་ཐེས་དབྱི་སི་རལ་ཕྱོགས་ཀྱིས་འཐབ་ཇུས་ལ་འགྱུར་ལྡོག་བཏང་མེད། དེ་ནི་དམག་མཚམས་བཞག་པ་མིན་པ་དང་། འཐབ་ཇུས་རང་བཞིན་གྱི་དམག་མཚམས་བཞག་པ་དེར་དུས་ཚོད་དང་ས་ཁོངས་ཀྱི་ཚོད་འཛིན་ཡོད་ཅིང་། དེའི་དམིགས་ཡུལ་ནི་མི་ཆོས་རིང་ལུགས་ལ་རོགས་སྐྱོར་བྱས་པ་ཁོ་ན་ཡིན་ཞེས་བརྗོད་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号