ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཧང་ཀྲོའུ་རུ་གཟབ་རྒྱས་ངང་མགོ་ཚུགས།
ཟིལ་རླབས་དགུང་དུ་འཕྱུར་བའི་ཆན་ཅང་གཙང་པོས་ལུས་རྩལ་རྒྱས་འཛོམས་དེར་བསུ་བ་ཞུས་པ་དང་། ལག་གདང་སྦྲེལ་ནས་མཉམ་དུ་འབྱུང་འགྱུར་གཏོད་པའི་ཁ་གཡང་གྲགས། སྐབས་བཅུ་དགུ་པའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དེ་ཚེས23ཉིན་གྱི་དགོང་མོར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་སྐབས་འདིའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་།
ཚའེ་ཆི་དང་། ཏིང་ཞུའེ་ཞང་། དེ་བཞིན་ཨ་ཤེ་ཡའི་ས་གནས་ཁག་ནས་ཕེབས་པའི་འགོ་ཁྲིད་མི་སྣ་དང་སྐུ་མགྲོན་སོགས་མགོ་ཚུགས་མཛད་སྒོར་ཞུགས།
མཛེས་སྡུག་ལྡན་པའི་མཚན་ལྗོངས་ཀྱི་ཁྲོད། ཆན་ཐང་གཙང་པོའི་འགྲམ་དུ་ཡོད་པའི་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ལུས་རྩལ་ཐང་ནང་གློག་འོད་རྣམ་པར་བཀྲ་ཞིང་རྣམ་པ་འཁྲུག་ཆ་དོད། མེ་ཏོག་པད་མའི་དབྱིབས་ཀྱི་བཟོ་སྐྲུན་དེས་ཀྲུང་གོར་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཐེངས་གསུམ་པ་དེ་སྤར་བར་བདེན་དཔང་བྱས་ཡོད།
མགོ་ཚུགས་མཛད་སྒོ་མ་ཚོགས་གོང་། ཀྲེ་ཅང་ས་གནས་ཁག་ནས་ཡོང་བའི་མང་ཚོགས་ཚོས་ས་གནས་དེ་གའི་ཁྱད་ཆོས་ཀྱིས་ཕྱུག་པའི་རིག་རྩལ་འཁྲབ་སྟོན་བྱས་པས་ཚོགས་ར་ཡོངས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་ཡོད།
ཆུ་ཚོད19དང་སྐར་མ58ཐོག༼ཞི་བདེ། ལས་དབང་གཅིག་མཐུན་མ་ལག༽ཅེས་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨ་ཤེ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཤིན་ཀེ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་སོགས་དང་ལྷན་དུ་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ཏེ། ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་པོ་གྲགས་པ་རེད།
ཟླ9པའི་ཚེས23ཉིན་ནི་ཏག་ཏག་ཀྲུང་གོའི་ལུགས་རྙིང་གི་དུས་ཚིགས24ཁྲོད་ཀྱི་སྟོན་མཉམ་འཁེལ་ཡོད། ཆུ་ཚོད20ཏག་ཏག་ལ་སྐུ་མགྲོན་ལ་བསུ་བ་ཞུ་བའི་ལེ་ཚན༼དྭངས་སིལ་གྱི་སྟོན་དུས༽དེ་མཁར་རྔ19བརྡུངས་པའི་གནམ་ས་འགུལ་བར་བྱེད་པའི་སྒྲའི་ཁྲོད་དངོས་སུ་འཁྲབ་སྟོན་བྱེད་མགོ་ཚུགས་ཡོད། འགྲན་རའི་དབུས་སུ་གནས་པའི་ལྡོག་རྩིས་གྲངས་ཀའི་ལྡོག་འགྲོས་དང་བསྟུན་ནས་ཚོགས་ར་ཡོངས་ཀྱི་མི་རྣམས་ནས་མཉམ་དུ་སྐད་གསང་མཐོན་པོས་གྲངས་ཀ་ཀློག་ཡོད། འགྲེམས་ཡོལ་ཐོག གཡུ་རིལ་དང་། གཡུ་བྱིའུ། ལྷ་རྟགས་སོགས་ཀྱི་ཐམ་རྟགས་དང་གནའ་གྲོང་གི་གནའ་ཤུལ་རེ་རེ་མིག་ལམ་དུ་འཆར་བ་དང་། ལྗང་མདོག་ནས་སེར་མདོག་བར་དཔྱིད་རྨོས་ནས་སྟོན་བསྡུའི་བར་གྱི་རང་བྱུང་གི་མཛེས་སྣང་ལེགས་པར་མངོན་པར་བྱས་ཐོག ལེའང་ཀྲུའུ་ཤེས་དཔལ་གྱི་ཉམས་སྣང་དང་འབྲས་ལྡན་དུས་ཀྱི་མཛེས་སྡུག་ལེགས་པར་མངོན་པར་བྱས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་མཛེས་སྡུག་ལྡན་པའི་རི་ཀླུང་གི་རྣམ་པ་མངོན་ཞིང་། དེའི་ཐོག་དར་གོས་དམར་པོ་ཆེན་པོ་ཞིག་བཏིང་ཡོད་པ་དང་། དེའི་རྗེས༼ང་རང་ཀྲུང་གོར་དགའ༽ཞེས་པའི་བརྩེ་བ་ཟབ་པའི་འགྱུར་ཁུག་དང་བསྟུན་ཏེ་གཟབ་སྦྲེང་དམག་མི8ཀྱིས་གོམ་སྟབས་བརྟན་པོའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བྱེད་སྒོ་སྤེལ་ཡུལ་དུ་སྲུང་སྐྱེལ་ཞུས་པ་རེད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཞིང་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོས་ཡོད།
ཆུ་ཚོད20དང་སྐར་མ09ཐོག ལུས་རྩལ་པ་ཚོགས་རར་འཛུལ་མགོ་བརྩམས་པ་རེད། འགྲོས་སྟབས་མྱུར་བའི་རོལ་དབྱངས༼ང་ཚོའི་ཨ་ཤེ་ཡ༽ཞེས་པའི་རོལ་དབྱངས་དང་བསྟུན་ནས་རྒྱལ་ཁབ་དང་ས་ཁུལ45ནས་ཡོང་བའི་ལུས་རྩལ་འཐུས་མི་ཚོགས་པ་ཁག་གཅིག་རྗེས་གཉིས་མཐུད་དུ་ཚོགས་རར་འཛུལ་བ་དང་། ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ༼མེས་རྒྱལ་ལ་བསྟོད་གླུ་ལེན༽ཞེས་པའི་འགྱུར་ཁུག་གྲགས་པ་དང་བསྟུན་ཏེ་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་འཐུས་མི་ཚོགས་པ་ཆེས་མཇུག་ཏུ་ཚོགས་རར་འཛུལ་ཞིང་། ཞི་ཅིན་ཕིང་ཡར་བཞེངས་ནས་གུས་ལན་གནང་བ་དང་། ཚོགས་ར་ཡོངས་དགའ་སྤྲོའི་དཔལ་ལ་རོལ་ནས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས་ཡོད། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི1329ཡོད་པའི་ནང་། ལུས་རྩལ་པ886ཡོད་ཅིང་། ཁོ་ཚོ་སྐབས་འདིའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས38དང་ཆུང་གྲས407གྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི། ཀྲེ་ཅང་ཞིང་ཆེན་གྱི་མགོ་འཛིན་ཝང་ཧའོ་ཡིས་ཤིས་ཚིག་སྒྲོན་སྐབས། སྒྲིག་འཛུགས་ཨུ་ལྷན་དང་ཀྲེ་ཅང་གི་མི་དམངས་ཁྲི6500ཡི་ཚབ་ཞུས་ནས་ཨ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་ཁོང་ཚོར་གཡུར་ཟའི་འབྲས་བཟང་ཐོབ་པ་དང་། ཕུགས་འདུན་མངོན་འགྱུར་ཐུབ་པ། མཛའ་གྲོགས་ཟབ་ཏུ་གཏོང་བ། བདེ་སྐྱིད་གང་མང་ཐོབ་པ་བཅས་བྱུང་སྟེ། མཛེས་སྡུག་ལྡན་པའི་ཧང་ཀྲོའུ་ཡི་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་དེ་ཚེ་གང་རིང་བརྗེད་པར་དཀའ་བར་གྱུར་བའི་སྨོན་འདུན་ཞུས་པ་རེད།
ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ངོ་མཚར་ཆེ་བའི་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་མགོ་ཚུགས་རྒྱུ་རེད། ང་ཚོས་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཨ་ཤེ་ཡའི་ལུས་རྩལ་གྱི་ཟིན་ཐོ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཨ་ཤེ་ཡའི་ལས་དབང་གཅིག་མཐུན་མ་ལག་གི་རྣམ་པ་གསར་རྐྱང་ཞིག་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།
ཨ་ཤེ་ཡ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཤིན་ཀེས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་སྲིད་གཞུང་དང་། ཀྲུང་གོ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་། ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་། ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གྲབས་གཉེར་ཨུ་ལྷན། ཧང་ཀྲོའུ་ཡི་གྲོང་མི། དེ་བཞིན་གྲ་སྒྲིག་བྱ་བ་ནང་ཞུགས་མཁན་མི་སྣ་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་ཤིང་། ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་ཧ་ཅང་ཡག་པོ་བྱུང་འདུག ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ཚར་མར་ཚེ་གང་བརྗེད་པར་དཀའ་བའི་དྲན་འཆར་རེ་འཇོག་ཐུབ་ངེས་རེད་ཅེས་གསུངས་ཡོད།
ཆུ་ཚོད21དང་སྐར་མ16ཐོག མགོ་ཚུགས་མཛད་སྒོར་མི་སེམས་འགུལ་བའི་དུས་སྐབས་དེ་ཤར་བ་སྟེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཡི་སྐབས་བཅུ་དགུ་པའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། དེའི་རྗེས་ཚོགས་ར་ཡོངས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་བ་དང་། “གྲངས་གཞིའི་ཤོག་སྦག”གི་བཀྲག་མདངས་གིས་མཚན་མོའི་མཁའ་དབྱིངས་ཁྱབ་ཅིང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡུན་རིང་གྲགས་པ་རེད།
རང་རྒྱལ་གྱི་ཕུལ་བྱུང་ལུས་རྩལ་པ་དང་རྩལ་འཁྲིད་པའི་འཐུས་མི8ཀྱི་ལག་ཏུ་ཨ་ཤེ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་འཁྱེར་ནས་འགྲན་རར་ཞུགས་པ་རེད། ཨ་ཤེ་ཡ་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཞས་ཀྱི་སྒྲ་དབྱངས་གྲགས་པ་དང་བསྟུན་ནས་ཨ་ཤེ་ཡ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་དལ་བུར་བསྒྲེངས་ཏེ་སྐར་ལྔའི་དར་དམར་དང་མཉམ་དུ་ལྷབ་ལྷུབ་ཏུ་གཡོས་ཡོད།
ལུས་རྩལ་པ་ཀྲེང་སེ་ཝེ་དང་སུན་དབྱིན་ཧྲ་གཉིས་དང་། ཤན་འབྱེད་པ་དབྱང་ཀྲུང་མིང་དང་ཀའོ་ཅ་ཆི་གཉིས་ཀྱིས་ཁག་སོ་སོར་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་དང་ཤན་འབྱེད་པ་ཡོངས་ཀྱི་ཚབ་ཞུས་ནས་དམ་བཅའ་བཞག་པ་རེད།
གློག་འོད་རིམ་གྱིས་རབ་རིབ་ཏུ་གྱུར་ནས་བརྙན་ཤེལ་ཆེན་པོའི་ཐོག ༼ཧང་ཀྲོའུ་ཡི་ལྷན་འཛོམས༽ཞེས་པའི་བརྙན་ཐུང་བསྟན་པས་ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱི་མིག་ཟུང་དེ་གར་ཕྱོགས་པ་དང་། ཧང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་དེ་དུས་ཀྱི་བར་ཚད་ལས་བརྒལ་ནས་ལོ་རབས་མི་འདྲ་བའི་མིའི་དབར་བརྒྱུད་སྤྲོད་བྱས་ཏེ་འཛམ་གླིང་ལ་སྤྲོ་སེམས་འཁོལ་བའི་གདན་ཞུའི་ཁ་ཆད་བཞག་པ་རེད།
རིག་རྩལ་འཁྲབ་སྟོན《རླབས་འཕྱུར་ཡ་ཤིས་ཡ》ཞེས་པ་དེ་སྟོད་སྨད་བར་གསུམ་དུ་དབྱེ་ཡོད་ཅིང་། སྟོད་ཆ《རྒྱལ་སྲོལ་སྙན་དབྱངས》ཞེས་པའི་ནང་རྒྱལ་ཁབ་ཀྱི་དར་སྲོལ་དེ་ན་གཞོན་གྱི་གཟུགས་སུ་བྱས་ཏེ་ས་གཞི་གཞིས་སུ་བྱས་པ་དང་པིར་གྱི་གཡུག་ཕྱོགས་དང་བསྟུན་ནས་གར་གྱི་སྟང་སྟབས་འགྱུར་ཞིང་། མི་བཟོས་གཙང་པོའི་ངོས་སུ་རྣམ་བཀྲའི་དཔེ་རིས་ལས་ཐོན་པའི་གུང་ཁྲེན་ཟམ་པ་འཆར་བ་དེ་ཆན་ཐང་གི་དར་རྒྱས་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཉམས་སྣང་ལྷག་ཏུ་མངོན་བཞིན་མཆིས། བར་ཆ《ཆན་ཐང་གི་རླབས་འཕྱུར》ཞེས་པའི་ནང་མཁའ་དབྱིངས་སུ་ལྡིང་བཞིན་པའི་འཁྲབ་སྟོན་པས་རླབས་ཀྱི་འཕྱུར་ཕྱོགས་དང་བསྟུན་ནས་ལྡེམ་པའི་གར་ལ་རོལ་བ་དང་། རླབས་ཀྱི་དབང་ཕྱུག་རླུང་གཡོར་གྱི་གཡུག་ཕྱོགས་དང་བསྟུན་ནས་ཆུ་ནང་དུ་སིམ་པ་དང་སྦྲགས་གཡང་རྟེན་ཅང་ནན་དབྱི་ཆུ་རླབས་དང་བསྟུན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་རྔམ་བརྗིད་དབྱངས་དང་བསྟུན་ནས་ཆུ་ངོས་སུ་འཕྱོ་བར་བྱས། སྨད་ཆ་ལག་སྦྲེལ་མཉམ་སྐྱོད་ཅེས་པའི་ནང་བྱིའུ་ཆུང་པའེ་ལུའུ་མཁའ་དབྱིངས་སུ་རྒྱུ་བ། སྙན་པའི་དབྱངས་རྟ་དང་འགྱུར་ཁུག་བདེ་བའི་ཡུའེ་ཅུས་ཟློས་གར་གྱི་སྒྲ་དང་བསྟུན་ནས་སློབ་གྲྭ་ཆེན་མོ་བ་བརྒྱ་ཕྲག་གིས་ལག་ཏུ་འོད་མདངས་འཚེར་བའི་ལག་དབྱུག་བཟུང་ནས་ཨ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་གི་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་ཀྱི་དབྱིབས་མངོན་པས་རང་རང་མཛེས་པར་གྱུར་བ་དང་། ཕྱོགས་མཚམས་ཡོད་དོ་མཛེས་པར་གྱུར་བའི་ཨ་ཤེ་ཡའི་དཔེ་རིས་ཤིག་གྲུབ་ཡོད། ངོ་མཚར་གྱིས་ཕྱུག་པའི་འཁྲབ་སྟོན་དེས་གཟིགས་མོ་བའི་བློ་ཡིད་རབ་ཏུ་བཀུག་པར་བྱས་ཡོད།
ཆུ་ཚོད21དང་སྐར་མ53ཙམ་ལ། དཔལ་འབར་གཙོ་བོ་སྤོར་བའི་མཛད་སྒོ་མགོ་ཚུགས་ཤིང་། ལེའང་ཀྲོའུ་གནའ་གྲོང་གི་གནའ་ཤུལ་ནས་འཚོལ་བསྡུ་བྱས་པའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མེ་མཆོག་ཟླ9པའི་ཚེས8ཉིན་ནས་བཟུང་ཀྲེ་ཅང་ས་གནས་ཁག་ཏུ་བརྒྱུད་སྤྲོད་བྱས་ནས་མཐར་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་འབྱོར་བ་རེད།
ལུས་རྩལ་ར་བའི་ནང་ཡེ་ཧྲེ་ཝུན་དང་ཕན་ཀྲེན་ཏུང་། ཞུས་མེང་ཐའོ། ཧྲེ་ཀྲེ་ཡུང་། ལི་ལིང་ཝེ། ཝང་ཧྲུན་སོགས་དཔལ་འབར་འཁྱེར་མཁན་དྲུག་གིས་བརྒྱུད་སྤྲོད་བྱས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། དེ་དང་ཆབས་ཅིག་ཏུ་ཡུལ་དངོས་ཀྱི་འཆར་ཡོལ་ཆེན་པོའི་ཐོག་མི་གྲངས་དུང་ཕྱུར་གཅིག་ལས་བརྒལ་བའི་གྲངས་འཛིན་དཔལ་འབར་བརྒྱུད་སྤྲོད་ཀྱིས་དཔལ་འབར་བརྒྱུད་སྤྲོད་བྱེད་པའི་པར་རིས་འཆར་བ་དང་བསྟུན་ནས་ཆན་ཐང་རླབས་འཕྱུར་གྱི་དཔལ་འབར་གཙོ་བོ་དལ་མོར་མངོན་འོང་། གཟིགས་མོ་བ་ཁྲི་ཕྲག་མང་པོའི་མིག་གི་ལྟ་ཕྱོགས་དང་བསྟུན་ནས་མཐའ་མཇུག་གི་དཔལ་འབར་འཁྱེར་མཁན་ཝང་ཧྲུན་དང་གྲངས་འཛིན་དཔལ་འབར་འཁྱེར་མཁན་ཚོས་མཉམ་དུ་ཆང་ཐང་རླབས་འཕྱུར་ཞེས་པའི་དཔལ་འབར་གཙོ་བོའི་བཞུན་མེ་སྒྲོན་པ་དང་སྦྲགས་ཨ་ཤེ་ཡའི་མཆོག་མེ་ལྷབ་ལྷུབ་ཏུ་འབར། ང་ཚོར་ཐུན་མོང་གི་ཁྱིམ་ཞིག་ཡོད། སེམས་པ་གཅིག་ལ་གཅིག་སྒྲིལ། བརྩེ་སེམས་གཅིག་ཐོག་གཉིས་སྣོན། སྤོབས་སེམས་རྒྱས་པའི་སྐད་སྒྲ་ཁྲི་ཕྲག་མང་པོ་ལས། སེམས་ལ་ཟུག་པའི་སྙིང་གཏམ་ཚིག་གཅིག་གྲུབ། ཁྱེད་དང་བདག་ནི་ཡ་ཤིས་ཡ་རུ་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད་ཅེས་པའི་ཧང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་གླུ་གཞས་བརྩེ་བ་མཉམ་གནས་ཞེས་པ་ཚོགས་ར་ཡོངས་སུ་བླངས་པ་དང་བསྟུན་ནས་ལུས་རྩལ་ར་བ་ཡོངས་སྤྲོ་སྣང་གིས་ཕྱུག་པར་གྱུར་ཡོད།
མགོ་ཚུགས་མཛད་སྒོར་ཞུགས་མཁན་གྱི་རྒྱལ་སྤྱིའི་སྐུ་མགྲོན་གྲས་སུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་། སི་རི་ཡའི་ཙུང་ཐུང་པ་ཧྲའར་དང་སྐུ་ཟླ་ཨ་སི་མ། ཁོ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་སྨི་ཧྲ་ལེ། ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏ། ཤར་ཐེ་མུར་གྱི་ཙུང་ལི་ཤ་ནཱ་ནཱ། ལྷོ་ཁ་རེ་ཡའི་ཙུང་ལི་ཧན་ཏེ་ཀྲུའུ། མ་ལེ་ཞི་ཡའི་གྲོས་ཚོགས་སྨད་པའི་གྲོས་དཔོན་ཙུའོ་ཧ་ལི་དང་སྐུ་ཟླ་ནུའོ་ལའེ་ཉི། པུ་རུ་ནེའི་རྒྱལ་པོའི་འཐུས་མི་སུའུ་ཕུའུ་ལི། ཁ་ཐར་གྱི་རྒྱལ་པོའི་འཐུས་མི་ཅའོ་ཨན། ཅོར་ཏན་གྱི་རྒྱལ་རྒྱུད་འཛིན་མཁན་ཧྥེ་སའར། ཐེ་ལན་གྱི་ཀོང་ཇོ་ཞི་ལི་ཝན་ཝ་ལི་སོགས་རྒྱལ་པོ་ཚང་གི་འཐུས་མི་ཡོད་པ་རེད།
ཝང་དབྱི་དང་། ལི་ཀན་ཅེ། ཧོ་ལི་ཧྥེང་། ཝང་ཞའོ་ཧུང་། ཧྲེན་དབྱི་ཆིན་བཅས་མགོ་ཚུགས་མཛད་སྒོར་ཕེབས་པ་རེད།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ཧུང་ཤིའུ་ཀྲུའུ་བཅས་མགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཨ་ཤེ་ཡ་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་ཀྱི་དཔོན་རིགས་སོགས་མགོ་ཚུགས་མཛད་སྒོར་ཞུགས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注