ཞི་ཅིན་ཕིང་གིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དྲུག་པ་འཆར་ལ་ཉེ་བའི་མཚམས་སུ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དྲུག་པ་འཆར་ལ་ཉེ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས། འདི་ལོ་ང་ཚོས་ཧོང་ཧོའེ་རུ་མཐོང་དཀོན་པའི“ལྗང་པ་རུལ་བ་དང་། ཧྭ་བྱང་དང་བྱང་ཤར་གྱི་ས་ཆ་ཁ་ཤས་སུ་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་བ། ནུབ་བྱང་གི་ས་ཆ་ཁ་ཤས་སུ་ཐན་སྐྱོན་སོགས་ཀྱི་གནོད་འཚེའི་ཤུགས་རྐྱེན་ཁྱད་བསད་བྱས་པ་ལས། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་རེ་ཡོད་པ་སྟེ། དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བསྟར་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེའི་བསྐྲུན་རྒྱུའི་དམིགས་ཚད་གཞི་རྩར་བཟུང་སྟེ། ཞིང་ལས་ཀྱི་གཞི་གདན་བརྟན་དུ་གཏོང་བ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར“ཞིང་གསུམ”ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ“ཞིང་གསུམ”ལས་ཀའི་ལྟེ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཐབས་བརྒྱ་ཇུས་སྟོང་ངང་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཞིང་པའི་ཡོང་འབབ་སྔར་བས་མང་དུ་འགྲོ་བ་དང་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注