༄༅།།གླིང་སྒྲུང་གི་སྒྲུང་པའི་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིག
ཧྲེ་ཐད་ཨན་གྱིས་སྒྲུང་པར་སྒྲུང་པ་ཕལ་པ་དང་རྫུ་འཕྲུལ་ཅན་གྱི་སྒྲུང་པ་ཞེས་རིགས་གཉིས་སུ་དབྱེ་བ་དང་། ཡང་ཨེན་ཧུང་མཆོག་ནས་སྒྲུང་པར་བབས་སྒྲུང་དང་། ཐོས་སྒྲུང་། གཏེར་སྒྲུང་། འདོན་སྒྲུང་། པྲ་མཁན་བཅས་རིགས་ལྔ་རུ་དགར་བ། གཅོད་པ་དོན་གྲུབ་དང་ཆབ་འགག་རྡོ་རྗེ་ཚེ་རིང་རྣམ་གཉིས་ཀྱིས་“བཤད་ནས་རྫོགས་རྒྱུ་མེད་པའི་བབས་སྒྲུང་གི་རིགས་དང་། བྲིས་ན་ཚར་རྒྱུ་མེད་པ་གཏེར་སྒྲུང་གི་རིགས། གང་འདོད་གསལ་ལེར་ཤར་བའི་པྲ་སྒྲུང་གི་རིགས། ཕ་ཚ་བུས་སྤེལ་བའི་བརྒྱུད་སྒྲུང་གི་རིགས། དེ་མིན་ད་དུང་ཐོས་སྒྲུང་དང་བསླབ་སྒྲུང་ཐང་སྒྲུང་བཅས་རིགས་མང་པོ་ཞིག་མཆིས་”ཞེས་དང་། གཞན་ཡང་སྒྲུང་པའི་རིགས་དབྱེའེ་སྐོར་ལ་དཔྱད་བརྗོད་གནང་མཁན་མི་ཉུང་ཙམ་བྱུང་ཡོད་པ་དེ་དག་ལས་དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོས། “དམངས་ཁྲོད་ལ་སྔར་ནས་ཁྱབ་པའི་བཤད་སྲོལ་དང་། སྒྲུང་མཁན་རྣམས་རང་གིས་བཤད་པ་ལྟར་ན། སྒྲུང་མཁན་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སྒྲུང་མཁན་རིགས་མི་འདྲ་བ་ཡོད་པ་ནི། དང་པོ་ལ་བབས་སྒྲུང་ཟེར། གཉིས་པ་ལ་དག་སྣང་གི་སྒྲུང་ཟེར། གསུམ་པ་ལ་ཐོས་སྒྲུང་ཟེར། བཞི་པ་ལ་འདོན་སྒྲུང་ཟེར། ལྔ་པ་ལ་དགོངས་གཏེར་ཟེར། དྲུག་པ་ནི་པྲ་སྒྲུང་ཟེར། བདུན་པ་ནི་གཏེར་སྒྲུང་ཟེར་”ཞེས་སྒྲུང་པ་རིགས་བདུན་ལ་དབྱེ་ཡོད་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གླིང་སྒྲུང་རིག་པ་མཁས་ཅན་རིག་འཛིན་ནས་“བབས་སྒྲུང་དང་། ཐོས་སྒྲུང་། རྟོགས་པ་ཉམས་ཤར་གྱི་སྒྲུང་། པྲ་ཕབ་ཀྱི་སྒྲུང་བཅས་བྱེ་བྲག་གི་ཚུལ་མི་འདྲ་བ་ཙམ་ལས་ཤོད་ཐུབ་པའི་སྒྲུང་ནི་《གླིང་སྒྲུང་》ལས་ངོ་བོའི་ཁྱད་པར་མ་མཆིས་པས། སྒྲུང་མཁན་དེ་རིགས་ཡི་གེ་ཤེས་མིན་གཉིས་”⑤ཞེས་ཡི་གེ་ཤེས་པའི་སྒྲུང་མཁན་དང་ཡི་གེ་མི་ཤེས་པའི་སྒྲུང་མཁན་ཏེ་རིགས་གཉིས་སུ་དབྱེ་ཡོད། སྤྱི་ལོ་༢༠༡༢ལོར་རྒྱལ་ཡོངས་《གེ་སར་》གཞུང་ལས་ཁང་གི་དབུ་འཛིན། གླིང་སྒྲུང་རིག་པ་མཁས་ཅན་ནོར་བུ་དབང་ལྡན་གྱིས་《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད་》ཅེས་པའི་ཆེད་རྩོམ་ཞིག་དཔར་དུ་བསྐྲུན་པའི་ནང་“བཤད་ན་རྫོགས་རྒྱུ་མེད་པའི་བབས་སྒྲུང་གི་རིགས་དང་། བྲིས་ན་ཚར་རྒྱུ་མེད་པའི་གཏེར་སྒྲུང་གི་རིགས། ཐམས་ཅད་ཆོས་ཀྱི་བརྡ་རུ་ཤར་བ་དག་སྣང་གི་སྒྲུང་། ཆོས་ཀུན་རྟོག་པའི་རྒྱུད་ལ་སྒྲུང་གི་ཚུལ་དུ་ཅིག་ཆར་སྣང་བའི་རྟོག་པ་ཉམས་ཤར་གྱི་སྒྲུང་། གང་འདོད་གསལ་ལེར་ཤར་བའི་པྲ་སྒྲུང་གི་རིགས། ཕ་ཚ་བུས་སྤེལ་བའི་བརྒྱུད་སྒྲུང་གི་རིགས། དེ་མིན་ད་དུང་ཐོས་སྒྲུང་དང་བསླབ་སྒྲུང་ཐང་སྒྲུང་བཅས་རིགས་མང་པོ་ཞིག་མཆིས་”⑥ཞེས་དེ་སྔོན་གཅོད་པ་དོན་གྲུབ་དང་ཆབ་འགག་རྡོ་རྗེ་ཚེ་རིང་རྣམ་གཉིས་ཀྱིས་རིགས་དབྱེ་གནང་བའི་རྨང་གཞིའི་ཐོག་གོམ་གང་མདུན་སྤོས་ཀྱིས་དག་སྣང་གི་སྒྲུང་པ་དང་རྟོགས་པ་ཉམས་ཤར་གྱི་སྒྲུང་པ་མནན་ཏེ་སྒྲུང་པ་རིགས་དགུ་ཙམ་ལ་དབྱེ་ཡོད། དེས་ན་གོང་གསལ་དོན་དེའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་གཉིས་བརྗོད་པར་འདོད་དེ།
གཅིག གོང་གསལ་སྒྲུང་པའི་རིགས་ཀྱི་དབྱེ་སྲོལ་དག་ལ་བལྟས་ཚེ། ཡོངས་སུ་གཅིག་མཐུན་གྱི་ལྟ་སྟངས་གཅིག་མེད་ལ། དེ་ཙམ་གྱིས་རྒྱབ་འགལ་ཆེ་བའང་མེད་མོད། རིགས་ཀྱི་དབྱེ་སྲོལ་དེ་ཚོར་རང་རང་སོ་སོར་རྒྱུ་མཚན་རེ་འདྲེན་རྒྱུ་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང་རྒྱུ་མཚན་དེ་རྣམས་དོན་དངོས་དང་མཐུན་པའི་ངེས་པ་ཆེར་མེད་དེ། སྒྲུང་པར་རིགས་མང་དུ་དབྱེ་སྲོལ་ཡོད་པ་དེའི་གཞི་བཅོལ་ས་གཙོ་བོ་ནི་སྒྲུང་པ་རང་ངོས་ཀྱིས་རྒྱུན་དུ་ངོ་སྤྲོད་བྱས་པའི་གནས་ཚུལ་རྣམས་ཡིན། ཁོ་བོས་ལོ་མང་རིང་བོད་ལྗོངས་ཀྱི་སྒྲུང་པ་མང་པོ་ཞིག་དང་འབྲེལ་བ་བྱེད་པའི་བརྒྱུད་རིམ་ནང་སྒྲུང་མཁན་སོ་སོས་རང་ཉིད་ངོ་སྤྲོད་བྱེད་སྐབས་སྒྲུང་པ་རིགས་གང་གི་ཁོངས་སུ་གཏོགས་མིན་ཐད་སྔ་ཕྱིར་ངོ་སྤྲོད་བྱས་པ་དག་ལ་ངེས་གཏན་གྱི་བཤད་སྲོལ་ཞིག་མེད་པར། སྐབས་འགར་བརྒྱུད་སྒྲུང་ཡིན་ཞེས་བརྗོད་པ། སྐབས་རེ་རྟོགས་པ་ཉམས་ཤར་གྱི་སྒྲུང་པ་ཡིན་ཞེས་བརྗོད་པ། སྐབས་རེ་བབས་སྒྲུང་གི་སྒྲུང་པ་ཡིན་ཞེས་བརྗོད་པ་ཤེས་རྟོགས་བྱུང་པས། དེས་སྒྲུང་པ་སོ་སོས་རང་ཉིད་རིགས་གང་ཞིག་ཏུ་གཏོགས་པའམ་རིགས་ཀྱི་དབྱེ་སྲོལ་དེ་ལ་དེ་ཙམ་གྱིས་དོ་འཇོག་མེད་པའམ་མཁས་ལེན་བྱེད་ཀྱི་མེད་པ་མཚོན་ཐུབ། དེ་མིན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་ང་ཚོས་བཙལ་རྙེད་ཐུབ་པའི་སྒྲུང་པ་མང་པོ་ཞིག་གི་ལོ་རྒྱུས་ལ་གཞིག་པ་བྱེད་སྐབས། ཆེད་ལས་པ་མི་འདྲ་བས་རྩོམ་འབྲི་བྱས་པའི་སྐུ་འཚོ་བཞུགས་ཀྱི་སྒྲུང་པ་གཅིག་གི་ལོ་རྒྱུས་ལ་ཡང་ནང་དོན་འདྲ་མིན་སྣ་ཚོགས་ཤིག་འཐོན་བཞིན་ཡོད་པ་ནི་དོན་དངོས་ཤིག་ཡིན་ན། སྒྲུང་པས་ངོ་སྤྲོད་གནང་བའི་ནང་དོན་དག་ལ་རེས་མེད་ཀྱི་རང་བཞིན་མངོན་གསལ་ཆེན་པོ་ཡོད་པ་མཚོན་ཐུབ་པ་དཔེར་ན། མིག་སྔར་བོད་ལྗོངས་ཁུལ་དུ་སྙན་གྲགས་ཆེ་ཤོས། རྒྱལ་ཁབ་རིམ་པའི་དངོས་རྫས་མིན་པའི་རིག་ཀནས་ཤུལ་བཞག་རྣམ་གྲངས་ཀྱི་དཔེ་མཚོན་རྒྱུན་འཛིན་པ་ནག་ཆུའི་སྒྲུང་མཁན་ཚེ་རིང་དགྲ་འདུལ་ལ་ཆ་མཚོན་ན། ཁོང་གི་ཕ་ཆོས་བཟང་དེ་ཉིད་བབས་སྒྲུང་གི་རིགས་སུ་གཏོགས་པའི་གྲགས་ཅན་སྒྲུང་པ་ཞིག་ཡིན་པས། རིགས་བརྒྱུད་དང་བསླབ་བརྒྱུད་དམ་བླ་བརྒྱུད་གང་ཐད་ནས་བརྗོད་ཀྱང་ཕ་སྒྲུང་བུ་ཡིས་སྤེལ་བའི་བརྒྱུད་སྒྲུང་གི་སྒྲུང་པའི་རིགས་སུ་གཏོགས་དགོས་ངེས་སུ་མཐོང་ཡང། ཡང་ཨེན་ཧུང་མཆོག་གིས་ལོ་ན་ཆུང་ཤོས་ཀྱི་བབས་སྒྲུང་སྒྲུང་པ་ཚེ་རིང་དགྲ་འདུལ་ཞེས་པའི་ཆེད་རྩོམ་⑦ཞིག་སྤེལ་ནས་ཚེ་རིང་དགྲ་འདུལ་ཉིད་བབས་སྒྲུང་གི་སྒྲུང་པའི་རིགས་སུ་བཞག་གནང་བ་དང་། དེ་རྗེས་སུ་ཞིབ་འཇུག་པ་མང་པོས་ཁོང་ཉིད་དང་། གྲགས་པ། བསམ་གྲུབ། གཡུ་སྨན། ཚེ་དབང་འགྱུར་མེད་སོགས་བབས་སྒྲུང་གི་སྒྲུང་པའི་ཁོངས་སུ་འཇོག་བཞིན་ཡོད། འོན་ཀྱང་རིག་འཛིན་ལགས་ནས་《བབ་སྒྲུང་དང་རྟོགས་པ་ཉམས་ཤར་སྒྲུང་མཁན་གྱི་ཁྱད་ཆོས་སྐོར་》ཞེས་པའི་དཔྱད་རྩོམ་ནང་“མིག་སྔར་བབ་སྒྲུང་གི་དཔེ་མཚོན་དུ་འདྲེན་མུས་ཀྱི་སྒྲུང་མཁན་དེ་རིགས་ལས་ཕལ་ཆེ་བ་ནི་རྟོགས་པ་ཉམས་ཤར་གྱི་སྒྲུང་མཁན་ལས་བབ་སྒྲུང་གི་སྒྲུང་མཁན་མིན་ཞིང་། བབ་སྒྲུང་གི་སྒྲུང་མཁན་ནི་མཁས་མང་གི་བཞེད་པ་བཞིན་ཅུང་དཀོན་པའི་སྒྲུང་མཁན་གྱི་རིགས་ཤིག་ཡིན་པས། སྒྲུང་མཁན་ཚེ་དབང་འགྱུར་མེད་དང་། བསམ་གྲུབ། ཚེ་རིང་དགྲ་འདུལ་གསུམ་ནི་རྟོགས་པ་ཉམས་ཤར་གྱི་སྒྲུང་མཁན་ལས་བབ་སྒྲུང་གི་སྒྲུང་། མཁན་མིན་ཚུལ་ཁོང་ཚོ་གསུམ་སྐུ་ངོ་མས་གསུངས་”⑧ཞེས་གསལ་བ་ལྟ་བུ་ཡིན། དེས་ན་སྒྲུང་མཁན་གྱི་རིགས་དབྱེའི་སྐོར་ལ་རང་གི་རིག་པས་གཏན་ལ་མ་ཕབ་པར་དད་པའི་རྗེས་སུ་འབྲངས་པའམ་གཞན་དག་གི་ཟེར་སྒྲོས་ཙམ་ལ་ཡིད་རྟོན་དང་། དེ་དག་གི་རྗེས་སུ་འབྲངས་ནས་གང་བྱུང་དུ་སྨྲ་བའི་ཚུལ་སྤངས་ཏེ་ད་དུང་ཕྱོགས་གང་ཅིའི་ཐད་ནས་ཞིབ་ཅིང་ཕྲ་བའི་རྟོག་དཔྱོད་བྱ་དགོས་ངེས་སུ་མཐོང་།
གཉིས། གོང་གསལ་རིགས་དབྱེ་གནང་བ་རྣམས་ལ་དབྱེ་ཞིབ་ཕྲན་བུ་བྱས་ནའང་དེའི་ཐད་མི་འགྲིག་པའི་ཆ་འགའ་མངོན་རྒྱུ་ཡོད་དེ། བསླབ་སྒྲུང་དང་ཐོས་སྒྲུང་། བརྒྱུད་སྒྲུང་གསུམ་ལ་ཆ་བཞག་ནས་བཤད་ན། “ཐོས་སྒྲུང་གི་རིགས་ནི་ཡི་གེ་ཤེས་མིན་ལ་མ་ལྟོས་པར་འབད་པ་ལྷོད་མེད་ཀྱིས་རང་གི་རྣར་བརྟེན་པ་དང་བློར་ངེས་པའི་སྒྲུང་པའི་རིགས་ལ་ཟེར་བ་”⑨དང་། བསླབ་སྒྲུང་གི་རིགས་ནི་“ཆུང་དུས་ནས་རིག་གནས་ལ་སྦྱངས་པ་ལེགས་པར་གནང་བའི་རྨང་གཞིའི་ཐོག་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་སུན་སྣང་མེད་པར་ཀློག་འདོན་མཛད་དེ་མིག་ལ་བྱང་བ་དང་ཡིད་ལ་ངེས་པར་གྱུར་པའི་ཚེ། སྒྲུང་ཁག་འགའ་རེའམ་ལེའུ་འགའ་རེ་བློ་ལས་བཤད་ཤེས་པའི་རིགས་ལ་ཟེར་”⑩བ། “བརྒྱུད་སྒྲུང་གི་རིགས་འདི་ནི་རང་གི་ཨ་མེས་ཡང་མེས་རིང་ནས་བརྒྱུད་ཡོང་བའི་སྒྲུང་སྣ་ཚོགས་འཆོལ་དུ་མ་བཅུག་པའི་སྟེང་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་མི་རབས་དང་མི་རབས་ལ་བརྒྱུད་པའི་སྒྲུང་གི་རིགས་ལ་ཟེར། བརྒྱུད་སྒྲུང་གི་རིགས་ལ་གཉིས་ཡོད་དེ། གཅིག་ནི་ངག་ཐོག་ནས་བརྒྱུད་ཡོང་བའི་སྒྲུང་ཡིན་ལ། གཅིག་ནི་ཡིག་ཐོག་ནས་བརྒྱུད་ཡོང་བའི་སྒྲུང་”⑾ལ་ཟེར་བ་སོགས་དེ་ལྟར་ཡིན་ན། ཕ་མེས་སམ་བླ་མ། ཡང་ན་སྒྲུང་པ་རྒན་རབས་སོགས་མི་གཞན་གྱིས་འཆད་གྱེར་གནང་བའི་སྒྲུང་རྣམས་རང་གི་རྣ་བས་ཉན་ནས་སྒྲུང་འཆད་གྱེར་ཐུབ་པ་ལ་ཐོས་སྒྲུང་ཟེར་ཆོག་པ་དང། དེ་ནི་སྦྱངས་ནས་ཤེས་པ་ཡིན་ངེས། ཕ་མེས་ཀྱིས་འཆད་གྱེར་གནང་བའི་སྒྲུང་བུ་ཚས་ཉན་ཞིང་སྦྱངས་པ་གང་ལེགས་བྱས་ཏེ་རྒྱུན་འཛིན་གྱིས་འཆད་གྱེར་ཐུབ་པ་ལ་བརྒྱུད་སྒྲུང་དུ་བརྗོད་ཆོག་སྟེ། དེ་ནི་ཕ་མེས་ཀྱིས་འཆད་གྱེར་གནང་བའི་སྒྲུང་རྣ་བས་ཉན་ཞིང་བློར་ངེས་དགོས་པས། ཕ་མེས་སམ་རྒན་རབས་ཀྱི་ངག་ནས་བརྒྱུད་དེ་བསླབ་པའམ་ཡང་ན་ཡིག་ཐོག་གི་སྒྲུང་དཔེ་དག་མིག་ལམ་དུ་འཆར་ནས་བློར་འཛིན་པ་སོགས་དོན་དུ་དེ་དག་ཚང་མ་རྣམ་པ་མི་འདྲ་བ་ཙམ་ལས་གཞན་ལས་སྦྱངས་ཏེ་སྒྲུང་འཆད་གྱེར་ཤེས་པ་ཡིན་པས། སྦྱངས་སྒྲུང་ངམ་བསླབ་སྒྲུང་གི་རིགས་སུ་གཏོགས་དགོས་པ་ཡིན། དེ་བཞིན་དུ་དེ་སྔོན་བབས་སྒྲུང་དུ་བརྗོད་པའི་སྒྲུང་པའི་རིགས་ལ་ཕྱིས་སུ་རྟོགས་པ་ཉམས་ཤར་གྱི་སྒྲུང་པ་ཞེས་ལོགས་སུ་དགར་བཞིན་ཡོད་ཀྱང་། དེ་དག་གི་ངོ་མཚར་ཆེ་བའི་འཆད་གྱེར་གྱི་རྩལ་དང་ནུས་པ་དེ་ཡང་སྙིང་ལྐོག་གྱུར་གྱི་མཐུ་གང་ཞིག་ལ་བརྟེན་ནས་བྱུང་བའི་ཐད་དཔྱད་པ་གནད་དུ་ཕིགས་པ་ཞིག་གཏོང་དཀའ་སྟེ། དེ་གཉིས་དབར་གྱི་ངོ་བོའི་ཁྱད་པར་དབྱེ་འབྱེད་དཀའ་བ་དང། དེ་བཞིན་དགོངས་གཏེར་དང་པྲ་སྒྲུང་སྟེ། གེ་སར་རྒྱལ་པོའི་རྟོགས་བརྗོད་ཡིག་ཐོག་ཏུ་སུག་འབྲི་བྱེད་མཁན་རིགས་གཉིས་དབར་གྱི་ཕྱིའི་རྣམ་པ་ཙམ་ལས་དོན་གྱི་ངོ་བོའི་ཁྱད་པར་དབྱེ་འབྱེད་དཀའ་བ་སོགས། སྒྲུང་པའི་རིགས་དབྱེའི་ཐད་མི་འདང་བའི་ཆ་མང་དུ་ཡོད་པ་རྣམས་ལ་ད་དུང་རྒྱ་ཆེ་གཏིང་ཟབ་ཀྱིས་ཞིབ་འཇུག་གནང་གལ་ཆེ་བ་ལྟ་བུའོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注