གསེར་གྱི་འཁོར་ལོ་བསྒྱུར་བའི་འདན་སྲས་དཔའ་བོའི་དཔའ་གླུ།


གླུ་ཨ་ལ༴ གླུ་ཐ་ལ༴ གནས་འོག་མིན་ཆོས་སྐུའི་ཞིང་ཁམས་ནས།། མགོན་དྲུག་པ་རྡོ་རྗེ་འཆང་ཆེན་སོགས།། ཕ་དགོངས་བརྒྱུད་བླ་མ་བྱིན་རླབས་ཅན།། ངའི་སྤྱི་གཙུག་ཉི་ཟླའི་གདན་ལ་བཞུགས།། གནས་རང་སྣང་རྔ་ཡབ་དཔལ་རི་ནས།། རྗེ་མཚོ་འཁྲུངས་པདྨ་འབྱུང་གནས་སོགས།། ཕ་བརྡ་བརྒྱུད་བླ་མ་བྱིན་རླབས་ཅན།། ངའི་མགྲིན་པ་ལོངས་སྤྱོད་འཁོར་ལོར་བཞུགས།། གནས་མཁའ་སྤྱོད་མཐོང་བ་ཀུན་སྨོན་ནས།། གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་སོགས།། ཕ་སྙན་བརྒྱུད་བླ་མ་བྱིན་རླབས་ཅན།། ངའི་སྙིང་ག་ཆོས་ཀྱི་འཁོར་ལོར་བཞུགས།། བཞུགས་ནས་བྱིན་གྱིས་བརླབ་དུ་གསོལ།། ས་འདིའི༴ སྟོད་རྒྱ་གར་གང་གཱའི་ཆུ་མཐའ་ནས།། གངས་དཀར་པོའི་རི་རྒྱུད་མར་ལ་དེད།། སྨད་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ནས།། ཆུ་གཙང་བོའི་ཆུ་རྒྱུད་ཡར་ལ་དེད།། བར་རྨ་ཡུལ་གཡང་གི་ར་བ་ནས།། འདུ་ར་སྟག་ཐང་ཁྲ་མོ་རེད།། བུ་ང་འདྲའི༴ ལྷོ་འཛམ་བུ་གླིང་གི་མངའ་བདག་དང་།། གླིང་སེང་ཆེན་སྐྱེས་བུའི་རྒྱལ་ཚབ་ལ།། རྗེ་འདན་སྲས་གཡུ་འོད་འབུམ་ཟེར།། ད་འདིར་བཞུགས་གླིང་གི་ལྷ་སྡེ་རྣམས།། སྙན་མ་ཡེངས་རྒྱལ་པོའི་གླུ་ལ་གསོན།། དོན་ཡང་དག་འདྲ་མ་འདི་འདྲ་འདུག།། དུས་དེ་རིང་བཀྲ་ཤིས་ཉི་མ་འདིར།། ཆོས་སངས་རྒྱས་བསྟན་པ་སྤེལ་བ་དང་།། མ་སྐྱེ་འགྲོ་བདེ་ལ་འགོད་པའི་ཕྱིར།། གླིང་དཀར་པོའི་ལས་དམག་ཁྲ་མོ་འདི།། ཡུལ་གླིང་བཞིའི་ཁམས་ལ་ཆས་པའི་དུས།། རྩིབས་སྟོང་ལྡན་གསེར་གྱི་འཁོར་ལོ་ལ།། གདན་བཞུགས་པའི་རིམ་པ་འདི་ལྟར་གྱིས།།  དབུས་མི་འགྱུར་ལྟེ་བའི་ཡང་སྟེང་ན།། རིན་ཆེན་སྣ་ལྔའི་འདབ་མ་ཅན།། མེ་ཏོག་བཞད་པའི་ཟེའུ་འབྲུའི་དཀྱིལ།། རང་བྱུང་ནོར་བུའི་ཁང་བཟང་ནང་།། དོན་གཉིས་ལྷུན་གྲུབ་ཁྲི་འཕང་ལ།། དགྲ་འདུལ་དམག་གི་ཁ་ལོ་པ།། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་མི།། འདན་སྲས་གཡུ་འོད་ང་རང་འདུག། ཤར་རིན་ཆེན་ཤེར་གྱི་འདབ་མ་ལ།། འཁོར་བའི་ཉེས་ཚོགས་རྒྱ་མཚོ་ལས།། བདེ་ཆེན་ས་ལ་སྒྲོལ་བྱེད་པ།། རྫུ་འཕྲུལ་ཤུག་ལྡན་གཡུ་བྱ་དེ།། རྟ་མཆོག་རིན་ཆེན་བཞུགས་སུ་གསོལ།། ལྷོ་རིན་ཆེན་གསེར་གྱི་འདབ་མ་ལ།། འདོད་རྒུའི་དངོས་པོ་མ་ལུས་པ།། ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ།། རེ་བའི་དོན་རྣམས་ཡོངས་སྐོང་བ།། ནོར་བུ་རིན་ཆེན་བཞུགས་སུ་གསོལ།། ནུབ་པདྨ་ར་གའི་འདབ་མ་ལ།། སྣང་སེམས་མ་ལུས་དབང་དུ་སྡུད།། ཞིང་སྐུ་གསུམ་མཁའ་འགྲོའི་ངོ་བོ་ཉིད།། སྨན་ནེའུ་ཆུང་དབྱིངས་ཀྱི་ཊཱཀྐི་མ།། བཙུན་མོ་རིན་ཆེན་བཞུགས་སུ་གསོལ།། བྱང་ཨིན་ཊ་ནི་ལའི་འདབ་མ་ལ།། ཕྱོགས་ལས་རྣམ་པར་རྒྱལ་བྱེད་པ།། སྣ་ཚོགས་ནོར་བུའི་རྒྱན་ཆ་འཁྲོལ།། ཕས་རྒོལ་འཇོམས་པའི་སྣ་ཞགས་ཅན།། གླང་པོ་རིན་ཆེན་བཞུགས་སུ་གསོལ།། མདུན་ཕྱོགས་མེ་ཏོག་འདབ་མ་ལ།། སྒྱུ་མའི་གཏེར་ལ་མངའ་དབང་བསྒྱུར།། ལེགས་ཚོགས་ནོར་གྱི་ཆར་འབེབས་པ།། སྟོང་གསུམ་ནོར་གྱི་བདག་པོ་དེ།། ཁྱིམ་བདག་རིན་ཆེན་བཞུགས་སུ་གསོལ།། དེའི་ཕྱི་ཁྱིམ་འཁོར་ལོའི་རྩིབས་རྣམས་ལ།། བདུད་ལས་རྣམ་པར་རྒྱལ་བའི་དཔུང།། གླིང་དཔའ་ཐུལ་སྟོང་དང་དགུ་བརྒྱ་དང།། ཡང་ཐུལ་གྲུབ་ཆེན་བརྒྱད་ཅུ་དང།། ནང་ལས་དམག་ཁྲ་མོའི་མགོ་འཛིན་ལ།། འདན་མ་རིན་ཆེན་བསམ་འགྲུབ་དེ།། དམག་དཔོན་རེན་ཆེན་བཞུགས་སུ་གསོལ།། དེ་ནས་དཔའ་ཐུལ་ལས་དམག་རྣམས།། ཕྱོགས་སོ་སོའི་གདན་ལ་འདི་ལྟར་འཁོད།། གཡས་གསེར་གྱི་འཁོར་ལོའི་རྩིབས་རྣམས་ལ།། གླིང་ཆེ་རྒྱུད་གསེར་བ་མཆེད་བརྒྱད་བཞུགས།། དམག་གསེར་འཕྲུ་ཅན་ལ་འབུམ་སྟོང་ཡོད།། གོང་དཔོན་པོ་ཉི་འབུམ་དར་ཡག་ལ།། བཙན་མདུང་མོ་དུག་གི་ཁྲག་ཞགས་ཅན།། དགྲ་རམ་ནག་སེར་བས་རྡུང་མི་དེ།། གདོང་ཆོས་ལུ་བུ་ཡི་དར་འཕེན་དང།། སྟོབས་བསོད་ནམས་རླུང་རྟའི་བ་དན་ཅན་།། བློ་ཤེས་ཆེན་རྒྱ་མཚོའི་ནོར་བུ་དེ།། དཔོན་མི་ཆེན་རྒྱལ་བའི་ལྷུན་གྲུབ་སོགས།། འཁོར་མཆན་ཁེབ་བྱེད་པའི་བློན་པོ་ལ།། གླིང་ཆེ་རྒྱུད་དཔའ་ཐུལ་ཐམས་ཅད་བཞུགས།། གཡོན་གསེར་གྱི་འཁོར་ལོའི་རྩིབས་རྣམས་ལ།། གླིང་འབྲིང་རྒྱུད་འོམ་བུ་ཚོ་དྲུག་བཞུགས།། དམག་དངུལ་འཕྲུ་ཅན་ལ་འབུམ་སྟོང་ཡོད།། གོང་དཔོན་པོ་ཨ་ནུ་དཔའ་སེང་ལ།། སྒྱོགས་གནམ་ལྕགས་འཕྲུལ་གྱི་འཁོར་ལོ་ཅན།། དགྲ་ཧཱུཾ་ཤི་ཕཊ་ཀྱིས་འགྱེལ་མི་དེ།། འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་དང།། ལྷ་རྨ་ཆེན་སྦོམ་རའི་འཕྲུལ་གྱི་སྲས།། མཚོན་ལེབ་ཆེན་གཤིན་རྗེའི་ཕོ་ཉ་ཅན།། དཔའ་ཡ་མེད་སེང་སྟག་ཨ་དོམ་སོགས།། འཁོར་མཆན་ཁེབ་བྱེད་པའི་བློན་པོ་ལ།། གླིང་འབྲིང་རྒྱུད་དཔའ་ཐུལ་ཐམས་ཅད་བཞུགས།། མདུན་གསེར་གྱི་འཁོར་ལོའི་རྩིབས་རྣམས་ལ།། གླིང་ཆུང་རྒྱུད་དམུ་སྤྱང་སྡེ་བཞི་བཞུགས།། དམག་བྱིར་འཕྲི་ཅན་ལ་འབུམ་སྟོང་ཡོད།། གོང་དཔོན་པོ་རྒྱ་ཚ་ཞལ་དཀར་ལ།། ཐུགས་མ་ཁྲོས་ཡི་དམ་སྤྱན་རས་གཟིགས།། ཐུགས་ཁྲོས་ན་རྟ་མགྲིན་དབང་གི་སྐུ།། གདོང་འབུམ་པའི་དགྲ་ལྷ་རྩེ་རྒྱལ་དང་།། མདའ་གནམ་ལྕག་ཐོག་གི་ཁ་ལོ་ཅན།།སྡང་དགྲ་བོའི་སྲོག་སྙིང་ལེན་མི་དེ།། དཔའ་རོང་ཚ་ནོར་བུ་ལྷ་དར་སོགས།། འཁོར་མཆན་ཁེབ་བྱེད་པའི་བློན་པོ་ལ།། གླིང་ཆུང་རྒྱུད་དཔའ་ཐུལ་ཐམས་ཅད་བཞུགས།།  རྒྱབ་གསེར་གྱི་འཁོར་ལོའི་རྩིབས་རྣམས་ལ།།  གླིང་སྟག་རོང་དུག་མཚོ་ཁོལ་མ་བཞུགས།། དམག་དུང་འཕྲི་ཅན་ལ་འབུམ་སྟོང་ཡོད།། གོང་དཔོན་པོ་ཉ་ཚ་ཨ་བརྟན་ལ།། མཐུ་དམོད་ངན་དུག་གི་སྤུ་གྲི་ཅན།། བདུད་དམ་སྲིའི་སྲོག་སྙིང་ལེན་མི་དེ།། གདོང་ཁུ་བོ་ཁྲོ་ཐུང་རྒྱལ་པོ་དང་།། མཚོན་དུག་གྲི་ངར་མའི་རྩེ་ཡ་ལ།། དཔའ་ལན་མེད་གཟའ་བདུད་ཐོག་གི་བུ།། རྒོད་ཡང་དག་ཨ་ནུ་གཟིག་འཕེན་སོགས།། འཁོར་མཆན་ཁེབ་བྱེད་པའི་བློན་པོ་རྣམས།། གླིང་སྟག་རོང་དཔའ་ཐུལ་ཐམས་ཅད་ཡིན།། ཕྱོགས་མཚམས་བཞིའི་འཁོར་ལོའི་རྩིབས་རྣམས་ལ།། གླིང་ཕྱི་ཡི་རྒྱལ་ཁག་ཐམས་ཅད་བཞུགས།། དམག་ཁྲ་མོའི་མགོ་འཛིན་བྱེད་མི་དང་།། གོང་དཔོན་ལ་དཔའ་ཐུལ་འདི་རྣམས་བཞུགས།།

མདའ་ཉག་ཕྲན་གྲུབ་པ་ཐོབ་མི་ལ།། བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ་དང་།། དཔའ་རྩལ་དྲུག་སྤྱང་གྲུང་འཛོམས་མི་ལ།། བྱང་བྱེ་རུའི་བཀའ་བློན་ཆོས་འགྲུབ་སོགས།། ཡུལ་བྱང་གི་དམག་དཔོན་ཐམས་ཅད་ཀྱིས།། འོག་ལས་དམག་འབུམ་ཁྲི་བཅུ་གསུམ་ལ།། མགོ་འཛིན་དམག་དཔོན་བྱོས་ལ་བཞུགས།། མཚོན་སྟོབས་ཆེན་དགྲ་ལྷའི་གཡུག་ཡ་ལ།། ཧོར་སྡིག་གཅོད་ཤན་པ་མེ་རུ་དང་།། དཔུང་ཤེད་ཆེན་རི་བོ་གནམ་ལ་བཏེག།། སོག་སེར་པོའི་སྟག་དམར་སྟོབས་ཆེན་སོགས།། ཤར་གྱི་དམག་དཔོན་ཐམས་ཅད་ཀྱིས།། ནང་ལས་དམག་འབུམ་ཁྲི་བཅུ་གསུམ་ལ།། མགོ་འཛིན་དམག་དཔོན་བྱོས་ལ་བཞུགས།། དགུང་གནམ་ལྕགས་ཐོག་གི་རྩེ་ཡ་ལ།། འཇང་སྲས་གཡུ་ལྷ་ཐོག་འཛིན་དང་།། ཞགས་འཛིན་འཕྲུལ་གྱི་ལྷ་བློན་ལ།། སྟག་གཟིག་ཞལ་དཀར་ལྡེམ་པ་སོགས།། ནུབ་ཀྱི་དམག་དཔོན་ཐམས་ཅད་ཀྱིས།། ནང་ལས་དམག་འབུམ་ཁྲི་བཅུ་གསུམ་ལ།། མགོ་འཛིན་དམག་དཔོན་བྱོས་ལ་བཞུགས།།

སྐྱ་རིང་མདུང་མོའི་གཡུག་ཡ་ལ།། དུང་སྐྱོང་སྟག་ལྷ་ཁྲི་དཀར་དང་།། བྱ་རྒྱུད་ཁྱུང་གི་བུ་རྒྱུད་ལ།། ཨ་གྲགས་ཉི་མ་གྲགས་པ་སོགས།། ལྷོ་ཡི་དམག་དཔོན་ཐམས་ཅད་ཀྱིས།། འོག་ལས་དམག་འབུམ་ཁྲི་བཅུ་གསུམ་ལ།། མགོ་འཛིན་དམག་དཔོན་བྱོས་ལ་བཞུགས།། དེ་ནས་གླིང་གི་ལྷ་དམག་རྣམས།། ད་མི་འདུག་ལ་མོ་འགྲོ་རན་འདུག། ཡུལ་གླིང་བཞིའི་ཁམས་ལ་དབང་བསྒྱུར་ནས།། མ་སེམས་ཅན་བདེ་ལ་འགོད་རན་འདུག།། གླིང་ལྷ་དམག་ཕྱི་ལ་ཆས་པའི་ཚེ།། སྟེང་རྩ་བརྒྱུད་བླ་མའི་བྱིན་རླབས་ཡོད།། བར་ཡི་དམ་ལྷ་ཡི་དངོས་གྲུབ་ཡོད།། མ་མཁའ་འགྲོ་རྣམས་ཀྱི་ལུང་བསྟན་ཡོད།། ལྷ་ཆོས་སྐྱོང་སྲུང་མའི་སྡོང་གྲོགས་ཡོད།། གླུ་གོ་ན་རྣ་བའི་བདུད་རྩི་ལ།། མ་གོ་གླུ་ལ༴

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号