རིག་གཞུང་ཞིབ་འཇུག་གི་སྡེ་ན་མིང་དུ་གྲགས་པའི་ཆེད་མཁས་པ་དབྱང་ཅ་མིང་ནི་སྤྱི་ལོ1946ལོའི་ཟླ8པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོར་འཁྲུངས་ཤིང་། ཁོང་གིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་དམངས་སྲོལ་རིག་པ་དང་མི་རིགས་རིག་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་མྱོང་། སྤྱི་ལོ2000ལོའི་ཡར་སྔོན་དུ་སི་ཁྲོན་མི་རིགས་སློབ་གླིང་དུ་དགེ་རྒན་དང་སློབ་གྲྭའི་ཏང་ཨུའི་ཨུ་ཡོན། བོད་ཡིག་སྡེ་ཁག་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུའུ་རེན། སློབ་གྲྭའི་རིག་གཞུང་དུས་དེབ་ཀྱི་གཙོ་སྒྲིག་པ་སོགས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས། 2000ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ལས་གནས་སྤར་ཞིང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དངོས་མང་བཤམས་སྟོན་ཁང་གི་འགན་འཛིན་པའི་འགན་བཞེས། དམངས་སྲོལ་རིག་པའི་བསླབ་ཚན་གྱི་སྣེ་ཁྲིད་མི་སྣ་དང་སི་ཁྲོན་ཞིང་ཆེན་གྱི་འབུར་ཐོན་བྱས་རྗེས་ཅན་གྱི་ཕུལ་བྱུང་ཆེད་མཁས་པའི་གོ་ཐོབ་བཞེས།
ཁོང་གིས་བརྩོན་པ་བརྒྱ་དང་དཀའ་བ་སྟོང་གིས་དཔེ་ཀློག་དང་ལག་ལེན་གཉིས་ཟུང་དུ་སྦྲེལ་ནས་སི་ཁྲོན་བོད་ཁུལ་གཙོ་བྱས་པའི་བོད་ཁུལ་གྱི་ཡུལ་ལུང་སོ་སོར་ཡུལ་དངོས་རྟོག་ཞིབ་ཏུ་ཕེབས་ཤིང་ཤེས་མེད་ཚོར་མེད་ངང་ཉམས་ལ་ཉེ་བའི་དམངས་ཁྲོད་ཀྱི་དམངས་སྲོལ་རིག་གནས་མང་པོར་ཞིབ་འཇུག་དང་ཟིན་བཀོད་བྱས་ནས་ཀུན་ལ་དམངས་སྲོལ་དེ་དག་གི་རིན་ཐང་དང་རིག་གནས་དེ་དག་མྱུར་སྐྱོབ་བྱེད་དགོས་པར་འབོད་སྐུལ་བཏང་།
ཁོང་གིས་མི་ཚེ་གང་བོར་བོད་ཀྱི་སློབ་གསོའི་ལས་དོན་དང་རིག་གཞུང་ཞིབ་འཇུག་ལ་བརྩོན་པ་ཆེར་བསྐྱེད་གཤིས་དེའི་འབྲེལ་གྱི་རིག་གཞུང་ཞིབ་འཇུག་གི་དཔྱད་འབྲས་མང་པོ་བླངས་ཤིང་དཔྱོད་ལྡན་གྱི་སློབ་བུ་མང་པོ་གསོ་སྐྱོང་བྱས། འདིར་དགེ་རྒན་ཁོང་གི་རིག་གཞུང་ཞིབ་འཇུག་གི་ལས་དོན་དང་ལས་གསོའི་ལས་དོན་ཁྲོད་ཀྱི་གྲུབ་འབྲས་དག་སྙིང་བསྡུས་སྒོས་དཔྱོད་ལྡན་པ་དག་ལ་ངོ་སྤྲོད་མདོར་ཙམ་བྱེད་པར་བྱ།
བརྩམས་ཆོས་ལ་1994ལོར་དེང་རབས་ཀྲུང་གོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《དེང་དུས་ཀྱི་དཀར་མཛེས།》དང་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ལོ་རྒྱུས།》1995ལོར་སི་ཁྲོན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《དཀར་མཛེས་ཁུལ་གྱི་བརྟན་བརླིང་དང་འཕེལ་རྒྱས་ཀྱི་ཞིབ་འཇུག》1996ལོར་སི་ཁྲོན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《སི་ཁྲོན་བོད་ཁུལ་གྱི་སྐད་གཉིས་སློབ་གསོ་དང་སློབ་ཁྲིད་ཞིབ་འཇུག》 1997ལོར་སི་ཁྲོན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཁུལ་གྱི་མི་རིགས་མཐོ་རིམ་དགེ་ཐོན་སློབ་གསོའི་ཞིབ་འཇུག་དང་ལག་ལེན།》1998ལོར་སི་ཁྲོན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《དུས་རབས་གསར་པར་བསྐྱོད་པའི་ལོ་རྒྱུས་ཀྱི་འོས་འགན》1998ལོར་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཀྲུང་གོའི་བོད་ཁུལ་གྱི་བཟོ་བཀོད་སྒྱུ་རྩལ》2000ལོར་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《སྡེ་དགེའི་པར་ཁང་།》2000ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཁམས་ཕྱོགས་སུ།》2003ལོར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བོད་ཀྱི་བཟོ་བཀོད་རིག་གནས་དང་ལོ་རྒྱུས།》སོགས་འཐུས་ཚབ་བརྩམས་ཆོས་མང་པོ་ཡོད་པ་དང་། གཞན་རིག་གཞུང་དུས་དེབ་སྟེང་བཀོད་པའི་འཐུས་ཚབ་དཔྱད་རྩོམ་ལ1988ལོའི་《ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》སྟེང་བཀོད་པའི《སི་ཁྲོན་དཀར་མཛེས་དང་རྔ་བ་ས་ཁུལ་གྱི་བཙན་རྫོང་རིག་གནས།》1995ལོའི་《ཀྲུང་གོ་བོད་རིག་པ།》སྟེང་བཀོད་པའི་《བོད་ཀྱི་ཇའི་རིག་གནས་སྤྱི་བཤད།》2004ལོའི་《ཀྲུང་གོ་བོད་རིག་པ》སྟེང་བཀོད་པའི་《རོང་བྲག་གི་བཙན་རྫོང་བཟོ་བཀོད་རིག་གནས་རགས་བཤད།》2006ལོའི་《མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ》སྟེང་བཀོད་པའི་《བོད་ཀྱི་གདོང་འབག་རིགས་དབྱེ་ལ་གསར་དུ་དཔྱད་པ།》2007ལོའི《ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རིག་གཞུང་དུས་དེབ་》སྟེང་བཀོད་པའི《སི་ཁྲོན་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་གཞིི་རྩའི་ཁྱད་ཆོས།》སོགས་མང་ངོ་།། དེ་མིན་ཁོང་གིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ་སོགས་ཀྱི་རིག་གཞུང་ལས་གཞིའི་འགན་མང་པོ་བཞེས་པ་སྟེ། 1995ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་སྤྱི་ཚོགས་ཚན་རིག་ཁང་གི་གཙོ་གནད་ལས་གཞི《སི་ཁྲོན་བོད་ཁུལ་གྱི་སྐད་གཉིས་སློབ་གསོ་དང་སློབ་ཁྲིད་ཀྱི་ཞིབ་འཇུག》གི་གཙོ་འགན་བཞེས་པ་དང་། 2000ལོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་ཐེབས་རྩའི་ལས་གཞི《སི་ཁྲོན་བོད་ཁུལ་གྱི་གྲོང་ཁྱེར་ཅན་གྱི་འཕེལ་འགྱུར་དང་སྤྱི་ཚོགས་རིག་གནས་ཀྱི་སྤོ་འགྱུར》ལ་ཟབ་ཞུགས་གནང་། 2005ལོར་སི་ཁྲོན་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི《སི་ཁྲོན་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག》སོགས་ཀྱི་ལས་གཞི་མང་པོར་ཟབ་ཞུགས་དང་གཙོ་འགན་གྱི་འགན་བཞེས་པ་ལགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注