གནའ་སྔ་མོའི་གེ་སར་རིག་གནས། དེང་དུས་ཀྱི་ཉམས་སྣང་གསར་པ།

     

     གླིང་གེ་སར་རྒྱལ་པོའི་སྒྲུང་ནི་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་དར་ཁྱབ་ཤིན་ཏུ་ཆེ་ཞིང་། ངོ་མཚར་འབུམ་གྱིས་ཕྱུག་པ་ཞིག་ཡིན། དེ་ཡང་གང་དེ་བོད་ཀྱི་རིག་གནས་ཁྲོད་ཀྱི་རིན་བྲལ་གཅེས་ནོར་ཞིག་ཡིན་ལ། འཛམ་གླིང་ཐོག་ད་ལྟའང་གསོན་ཞིང་ཉམས་མེད་དུ་གནས་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་ཤོས་དེ་ཡང་ཡིན། སྡེ་དགེ་ས་ཁུལ་ནི་ཁམས་ཁུལ་རིག་གནས་ཀྱི་འབྱུང་ཡུལ་དང་། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ། བོད་ཀྱི་ཟུར་ལུགས་གསོ་བ་རིག་པ་དར་འཕེལ་འབྱུང་ཡུལ་ཞེས་བརྗོད་པ་ལྟར་བོད་འབྲེལ་ས་ཁུལ་གྱི་གནའ་བོའི་རིག་གནས་ལྟེ་བའི་གྲས་ཤིག་ཡིན།  ཁྱད་པར་དུ་གེ་སར་རིག་གནས་ཀྱི་སྐོར་ནས་བརྗོད་ན། ཡུལ་དེའི་གནས་གང་སར་གླིང་རྗེ་གེ་སར་གྱིས་གཙོས་པའི་དཔའ་རྟུལ་ཕུ་ནུ་སུམ་ཅུ་སོགས་ཀྱི་ངག་རྒྱུན་དང་། དེ་དག་གི་མཛད་རྗེས་མཚོན་པའི་གནའ་ཤུལ་གནའ་རྫས་སོགས་བགྲང་ལས་འདས་པ་མཇལ་རྒྱུ་ཐོས་རྒྱུ་ཡོད་ཅིང་། གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད། 

བཀྲ་ཤིས་ཁྲི་གླིང་གེ་སར་དཔེ་མཛོད་ཁང་དུ་བཞེངས་པའི་གླིང་རྗེ་གེ་སར།


     སྡེ་དགེ་ཁྲོ་བ་གྲོང་རྡལ་གནས་ཡུལ་འདི་ཡོངས་གྲགས་སུ་གླིང་གེ་སར་རྒྱལ་པོའི་ཁུ་བོ་ཨ་ཁུ་ཁྲོ་ཐུང་གི་ཕ་ཡུལ་ཡིན་ཞེས་བརྗོད་སྲོལ་མཆིས། དེ་ཡང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་ཀྱི་ཤང་གྲོང་ཞིག་ཡིན་ལ། ཆ་སྙོམས་མཚོ་འཕགས་མཐོ་ཚད་ལ་སྨི4000ལྷག་ཡོད། སྡེ་དགེ་རྫོང་གྲོང་ནས་བར་ཐག་སྟོང་སྨི133གྱི་སར་ཡོད་ཅིང་། དཀར་མཛེས་རྫོང་ནས་སྡེ་དགེར་བགྲོད་པའི་ས་ཚིགས་དང་པོ་དེ་ཡང་ཡིན། 

སྡེ་དགེ་རྫོང་ཁྲོ་བ་གྲོང་རྡལ་གྱི་དབྱར་དུས་ཀྱི་མཛེས་ལྗོངས།


     ཨ་ཁུ་ཁྲོ་ཐུང་ནི་གླིང་གི་དཔའ་རྟུལ་སུམ་ཅུའི་ཡ་གྱལ། སྟག་རོང་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ། གླིང་གེ་སར་རྒྱལ་པོའི་ཁུ་བོ་ཡིན་ཞིང་།  ངག་རྒྱུན་དུ་ཨ་ཁུ་ཁྲོ་ཐུང་ཁྲོ་མ་ཐུང་ན། གེ་སར་རྒྱལ་པོ་གེ་མི་སར་ཞེས་པ་དང་། གླིང་གི་ཨ་ཁུ་ཁྲོ་ཐུང་དེ། ཕན་པ་བརྒྱ་ལ་གནོད་པ་སྟོང་ཞེས་བརྗོད་པ་ལྟར། སྤྱིར་ཨ་ཁུ་ཁྲོ་ཐུང་དེ་ཡོད་ན་གནོད་སྐྱེལ་མཁན་དང་། མེད་ན་ཐབས་ཆག་པའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ངོ་བོ་གཉིས་ལྡན་གྱི་མི་སྣ་ཞིག་ཀྱང་ཡིན། 

གླིང་རྗེ་གེ་སར་གྱི་ཁུ་བོ་ཨ་ཁུ་ཁྲོ་ཐུང་།


     བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞིའི་བློ་འདྲི་ཡུལ་མཁན་ཆེན་ཤེས་རབ་བཟང་པོ་མཆོག་ནས། གནས་འདིའི་སྡེ་ལ་ཁྲོ་ཐུང་སྡེ་པ་དང་། ལུང་པ་ལ་ཁྲོ་ཐུང་ཁོག་དང་ཨ་ཁུའི་ཁོག ཕུ་ཡི་གངས་རི་ལ་ཨ་ཁུའི་གར་གཟི་དང་། ཐད་ཀྱི་རི་བོ་ལ་ཨ་ཁུའི་ལབ་ཙེ་ཟེར་ཞེས་ངོ་སྤྲོད་གནང་བ་ལྟར་དེ་དག་ནི་ཡུལ་འདིའི་མིང་ཆེས་ཡོངས་སུ་གྲགས་པ་དོན་ལ་གནས་ཤིང་། བཀྲ་ཤིས་ཁྲི་གླིང་དང་དེའི་ཉེ་འཁོར་དུ་སྔར་ནས་བཤད་རྒྱུན་མ་ཉམས་པ་གླིང་གི་དཔའ་རྟུལ་དང་དྭངས་སྨན་རྣམས་ཀྱི་རྗེས་ཤུལ་སོགས་མཇལ་དུ་ཡོད་པ་སྟེ། དཔེར་ན་ཨ་ཁུ་ཁྲོ་ཐུང་གི་གདན་ས་དང་། གེ་སར་མཁར་མགོ་དང་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་རྗེས་ཤུལ། རོང་ཚ་གན་འཕེན་དམར་ལེབ་ཀྱི་གདན་ས། གཟི་ཆེན་ཝེར་མའི་ལྷ་དར་གྱི་མཁར་ཤུལ་དུ་གྲགས་པ་སོགས་འདུག

འདན་སྲས་གཡུ་འོད་འབུམ་མེ་འཁོར་བཅས་སོགས་ཀྱི་སྐུ་བརྙན།


གླིང་རྗེ་གེ་སར་གྱི་ནུ་བོ་རོང་ཚ་གན་འཕེན་དམར་ལེབ།


     ཁྲོ་བ་བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་ཅུང་ཙམ་ཞིབ་པར་བརྗོད་ན། བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་ནི་སྤྱི་ལོ2013ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་གླིང་གིས་ཆོག་མཆན་གནང་བ་བརྒྱུད་དབུ་བརྙེས་པ་ཞིག་ཡིན། དེ་ཡང་སྡེ་དགེ་རྫོང་ཁྲོ་བ་གྲོང་རྡལ་ཁྲོ་ཐུང་གྲོང་ཚོར་ཆགས་ཡོད་ཅིང་། ད་ལྟ་ཡུལ་མི་རྣམས་ཀྱིས་བཀྲ་ཤིས་ཁྲི་གླིང་ཞེས་འབོད་སྲོལ་ཆགས་ཡོད། གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་ནི་བཀྲ་ཤིས་ཁྲི་གླིང་གི་འཛུགས་སྐྲུན་བཟོ་བཀོད་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་ལ། དེ་མིན་ད་དུང་སྤྱི་ཕན་རང་བཞིན་གྱི་ཁྲོ་བ་རྒན་གསོ་ཁང་དང་རྒན་གསོ་སྨན་ཁང་། སྒྲུབ་གྲྭ་བཅས་འཛུགས་གཉེར་བྱས་ཡོད། བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞིས་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱེད་ཆེད། སྤྱི་ལོ2022ལོར་རྒྱལ་ཡོངས་གེ་སར་ལས་དོན་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་ལ་གེ་སར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་དཔེ་མཚོན་གནས་གཞི་ཞེས་པའི་གཟེངས་རྟགས་མིང་བྱང་སྤྲད་པ་དང་། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་གླིང་གིས་བྱས་རྗེས་གཟེངས་སུ་ཐོན་པའི་ཞིབ་འཇུག་རྟེན་གཞི་ཞེས་པའི་གཟེངས་བསྟོད་མིང་བྱང་སྤྲད་ཡོད། 

ཞིབ་འཇུག་གནས་གཞིར་ཕུལ་བའི་དཔེ་མཚོན་གཟེངས་རྟགས་མིང་བྱང་།


བཀྲ་ཤིས་ཁྲི་གླིང་གི་གེ་སར་གླིང་ཁ།


     བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞིའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ནི་ཀྲུང་གོའི་སྲོལ་རྒྱུན་པྲ་ཚིལ་ཤོར་ཐབས(失蜡法)ཞེས་པ་སྤྱད་དེ་བཞེངས་པའི་གླིང་སྒྲུང་རྟོགས་བརྗོད་ཀྱི་ལི་མའི་འབུར་བླུགས་སྣང་བརྙན་ཉི་ཤུ་ལྷག་དང་བོད་ཀྱི་སྲོལ་རྒྱུན་མགར་བཟོའི་ལག་རྩལ་སྤྱད་ནས་བཞེངས་པའི་གླིང་གི་མི་སྣའི་གཟུགས་བརྙན་དག་རེད། དེ་ཡང་ལི་མའི་འབུར་བླུགས་སྣང་བརྙན་ནི་བཟོ་རྩལ་མཛེས་རིས་དབུ་ཆེན། ཀྲུང་གོའི་སྲོལ་རྒྱུན་པྲ་ཚིལ་ཤོར་ཐབས་ཞེས་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྐུ་ཞབས་ཀྲེང་ཏུང་ཕིང་གིས་ཚོགས་པའི་སྣེ་ཁྲིད་གནང་ནས་བཞེངས་པ་དང་། སྲོལ་རྒྱུན་མགར་བཟོའི་ལག་རྩལ་ལས་བཞེངས་པའི་གླིང་གི་མི་སྣའི་གཟུགས་བརྙན་དག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་ཀར་ཤོད་གཡང་རྒྱ་ཚང་གི་མགར་བཟོའི་ལག་རྩལ་པ་གདན་འདྲེན་ཞུས་ནས་བཞེངས་པ་ཡིན་ཞིང་། རིག་གནས་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན།

སྐྱིད་སོས་ཡག་གི་ཁ་མདོར་གླིང་གེ་སར་སྐུ་འཁྲུངས།


རྟ་རྒྱུག་ནས་ཁྲ་མོ་གླིང་གི་རྗེ་བོར་བཞུགས་པ།


     དེ་ཡང་སྤྱིའི་བཟོ་བཀོད་རྒྱ་ཆེ་ཞིང་བརྗིད་ཆགས་པ། བཟོ་རྩལ་གྱི་ཆུ་ཚད་མཐོ་བ། སྐུ་བརྙན་རྔམ་བརྗིད་ཆེ་ཞིང་གཟི་བྱིན་འབར་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ཅིང་། བོད་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་དཔལ་དང་གཟི་བརྗིད་སླར་ཡང་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཁྲ་ལམ་མེར་མཇལ་དུ་ཡོད་པར་བགྱིས་པ་ནི་མངོན་པར་བསྟོད་འོས་པ་ཞིག་ལོས་ཡིན། 

བདུད་ཀླུ་བཙན་ལ་ཐོད་མདའ་སྤྲད་པ།


ཧོར་གུར་དཀར་ལ་གཉའ་སྒ་བསྟད་པ།


     ཉེ་བའི་ལོ་ཤས་ནང་། བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞིའི་བློ་འདྲི་ས་མཁན་ཆེན་ཤེས་རབ་བཟང་པོ་མཆོག་གི་སྣེ་ཁྲིད་འོག་གེ་སར་རིག་གནས་འཛིན་སྐྱོང་སྤེལ་བའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་དང་། སྔོན་མེད་གསར་གཏོད་ཀྱི་ཕྱག་ལས་མང་པོ་གནང་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་འདུག་ལ། རྟོག་ཞིབ་ཚོ་ཆུང་ལ་དེའི་ཐད་ཀྱི་བག་ཆགས་ཟབ་མོ་བཞག་བྱུང་།  དེ་ལྟར་བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་རྟེན་གཞི་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་ཁྱད་པར་དུ་གེ་སར་རིག་གནས་རྒྱུན་འཛིན་ཐད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། 

འཇང་ས་དམ་ཆམ་ལ་ཕབ་པ། 

མོན་ཤིང་ཁྲི་དམུ་སྐས་ལས་མེ་ལྕེའི་ཁྲོད་ལྷུང་བ།


འདན་སྲས་ཀྱི་རྟོགས་བརྗོད་འཁྲབ་སྟོན།


གླིང་སྒྲུང་རྟ་རྒྱུག་རྒྱལ་འཇོག་གི་ཞལ་ཐང་རྙིང་པ།


ཤེས་རྟོགས་བྱས་པར་གཞིགས་ན། བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ལྟེ་གནས་སུ་ད་དུང་སྒྲུང་ཐང་རྙིང་པ་དང་། གླིང་གི་དཔའ་རྟུལ་གྱི་ཞལ་འབག གླིང་སྒྲུང་ལག་བྲིས་མ་རྙིང་པ་སོགས་རིག་དངོས་མི་ཉུང་བ་ཉར་ཚགས་གནང་ཡོད་པ་དང་། ལོ་ལྟར་འཆར་ཅན་བཞིན་ད་དུང་བོད་ཟླ་དྲུག་པའི་ཚེས11དང12ཉིན་འདན་སྲས་རྟོགས་བརྗོད་འཁྲབ་སྟོན་བྱེད་པ་སོགས་གླིང་སྒྲུང་ཟློས་གར་དང་གླིང་བྲོ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་སོགས་བརྒྱུད་ནས་གེ་སར་རིག་གནས་འཛིན་སྤེལ་གནང་བཞིན་ཡོད། 

བཀྲ་ཤིས་ཁྲི་གླིང་དུ་བཞུགས་པའི་གླིང་སྒྲུང་རྙིང་པ།


བཀྲ་ཤིས་ཁྲི་གླིང་གེ་སར་རིག་གནས་ཞིབ་འཇུག་སྙན་ཞུའི་བཞུགས་ཚོགས།


     ཉེ་དུས་སུ་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་ཁམས་པ་རིག་གནས་ཞིབ་འཇུག་གླིང་། སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་གེ་སར་ལས་དོན་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་བཅས་ནས་མཉམ་འབྲེལ་ཐོག་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེ་གཏོང་དགོས་པའི་སྐོར་གྱི་བཀའ་སློབ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་བརྗོད་དོན་དུ་བཟུང་བའི་སྤྱི་ལོ2023ལོའི་གེ་སར་འཁྲུངས་ཡུལ་དུ་བསྐྱོད་པ་ཞེས་པའི་རྟོག་ཞིབ་བྱེད་སྒོ་སྤེལ།

སྤྱི་ལོ2023ལོའི་གེ་སར་འཁྲུངས་ཡུལ་དུ་བསྐྱོད་པའི་རྟོག་ཞིབ་ཚོ་ཆུང་།


     རྟོག་ཞིབ་ཚོ་ཆུང་གིས་སྔ་ཕྱིར་སྡེ་དགེ་རྫོང་གི་ཁྲོ་བ་གྲོང་རྡལ་དང་། རྫོགས་ཆེན་གྲོང་རྡལ། ཨ་ཕྱུག་གྲོང་རྡལ། འགུ་ཟི་ཤང་། ལྕང་ར་གྲོང་རྡལ་སོགས་ས་གནས་ཁག་ཏུ་བསྐྱོད་ཅིང་། ལྟ་ཉན་འདྲི་གསུམ་གྱི་རྣམ་པའི་ཐོག་ནས་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྡེ་དགེའི་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་གནས་ཚུལ་སྐོར་ཁྱོན་ཡོངས་ནས་ཤེས་རྟོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号