འདན་ཁོག་ས་གནས་ཀྱི་གེ་སར་རིག་གནས་སྐོར།


དམངས་ཁྲོད་ཞབས་བྲོ་པས་འདན་མའི་གནའ་བྲོ་འཁྲབ་པ།

     མདོ་ཁམས་འདན་མ་ལུང་པའམ་འདན་ཁོག་ནི་སེར་ཤུལ་རྫོང་གི་ལྷོ་ངོས་ཏེ། སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་སུ་གནས་ལ་ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་གྱི་ཁོངས་སུ་གཏོགས། ཡུལ་གྲུ་འདི་ནི་ཆར་ཆུ་འབེལ་ལ་རྩྭ་ཆུ་འཛོམས་ཤིང་། གླིང་ཕུ་ནུ་མང་པོའི་གནས་ཡུལ་དུ་གྱུར་བའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཀྱང་ཡིན། འདན་ཁོག་ནི་དེ་སྔོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཞིག་ཡིན་ཞིང་། སྤྱི་ལོ་1978ལོར་འདན་ཁོག་རྫོང་མི་དགོས་པ་བཟོས་ནས་དེའི་ཁོངས་གཏོགས་ཆུས་དང་ཤང་ཁག་རྣམས་ཁག་སོ་སོར་སེར་ཤུལ་རྫོང་དང་སྡེ་དགེ་རྫོང་གཉིས་ཀྱི་ཁོངས་སུ་བཅུག


འབྲི་ཆུའི་འགྲམ་གཞུང་དུ་ཆགས་པའི་འདན་ཁོག་ལོ་ཕྱུག་གྲོང་རྡལ།

     གནས་འདི་ཡོངས་གྲགས་སུ་གླིང་གི་དཔའ་རྟུལ་ཚ་ཞང་འདན་མ་བྱང་ཁྲས་བདག་ཏུ་བཟུང་བའི་ས་གནས་ཡིན་པས་ན་མི་མིང་ས་མིང་ལ་ཐོགས་པ་ཞིག་ཡིན་ཞིང་། གླིང་གི་དུས་སྐབས་སུ་འདན་ཡུལ་ཞེས་བརྗོད་པ་དང་། རྗེས་སུ་རིམ་པས་འདན་ཁོག་ཅེས་པར་མིང་རིམ་འགྱུར་བྱུང་ནས་མིང་གྲགས་ཆེ་བའི་ས་གནས་ཤིག་ཏུ་གྱུར། ལྷག་པར་དུ་འདན་མའི་ནས་རྫོང་འབེབས་ས་ཡིན་པས་ན་འདན་ལུང་འབྲུ་ཡི་བང་མཛོད་ཅེས་གྲགས་ཤིང་ས་གནས་འདི་ནས་ཐོན་པའི་ནས་ལའང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པར་བརྗོད།

     ཚ་ཞང་འདན་མ་བྱང་ཁྲ་ནི་གླིང་གི་ཕུ་ནུ་སུམ་ཅུ་དང་ཡང་ཐུལ་དམ་པ་མི་མདུན་གྱི་ཡ་གྱལ་ཏེ། གླིང་སྒྲུང་ནང་། ཕོ་རྒོད་པོའི་བུ་ལ་ཁྱོད་འདྲ་མེད། མདའ་སྐྱེན་པོའི་བུ་ལ་ཁྱོད་འདྲ་མེད་ཅེས་པ་ལྟར། ཁོང་ནི་དཔའ་སྙིང་སྟོབས་ཆེ་ལ་མཐེབ་མདའ་རྩལ་ལ་མཁས་ཤིང་། གླིང་རྗེ་གེ་སར་གྱིས་ཐུགས་བརྩི་ཤིན་ཏུ་ཆེ་བའི་དམག་དཔོན་ཞིག་ཡིན་ལ། འདན་ཁོག་ས་གནས་ཀྱི་འགོ་དཔོན་ཡང་ཡིན།

འདན་མ་དྲན་གསོ་ཁང་དུ་བཞུགས་པའི་དཔའ་ཚ་ཞང་འདན་མའི་དབུ་རྨོག

     དེ་ཡང་སྤྱི་ལོ་2021ལོའི་ཟླ་10པའི་ནང་། སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བཟོད་པ་ལགས་ནས་སེམས་རྩ་འཁོལ་བའི་ངང་སྣེ་ཤན་ངོ་སྤྲོད་གནང་བའི་འོག་ང་ཚོས་འདན་ཁོག་ས་གནས་ཀྱི་གེ་སར་རིག་གནས་རྗེས་ཤུལ་ཁག་གཅིག་ལ་རྟོག་ཞིབ་བྱས་པ་ཡིན། དེ་ཡང་འདན་མའི་མཁར་རྫོང་ལྷ་མཁར་རིང་མོའི་མཁར་ཤུལ་དེ་འདན་ཤུག་ར་བསམ་གཏན་གླིང་གི་འགྲམ་དུ་གནས་ཤིང་། ད་ལྟ་མཁར་རྫོང་གི་རྗེས་ཤུལ་དང་གྱང་རལ་ཡོད་ཅིང་། གྱང་རྩིག་གི་བར་ཆོད་ལ་སྨི་རེ་དང་། ས་ཕྲེང་ཉེར་ལྔ་ནས་སུམ་ཅུའི་བར་དང་། ས་ཕྲེང་རེ་ལ་སོར་མོ་དོ་རེ་ཙམ། གྱང་གི་བར་ལ་ཀུང་ཧྥེང་དྲུག་ཅུ་ཙམ་འདུག འདི་ནི་འདན་མའི་སྐུ་མཁར་རམ་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་ཡང་ཡིན་ཞེས་བརྗོད་སྲོལ་མཆིས། འདན་ཤུག་ར་བསམ་གཏན་གླིང་ནི་སྤྱི་ལོ་1258ལོར་འགྲོ་མགོན་ཆོས་འཕགས་ཀྱིས་ཕྱག་བཏབ་ཅིང་། ད་བར་ལོ་ངོ་700ལྷག་གི་ལོ་རྒྱུས་ལྡན།


     མཁར་ཤུལ་གྱི་ཤར་ངོས་སུ་འདན་མའི་ཆིབས་སྟེགས་ཟེར་བའི་རྡོ་ལེབ་ཆེན་པོ་ཞིག་དང་། དམག་རྩེད་ཐང་ཞེས་པ་སོགས་ཀྱི་རྗེས་ཤུལ་མང་པོ་ཡོད་ཚུལ་བཟོད་པ་ལགས་ནས་ངོ་སྤྲོད་གནང་།


     ལོ་ཕྱུག་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ་དགུ་ཙམ་བསྐྱོད་པའི་མཚམས་ན་འབའ་ག་ཞེས་པའི་གྲོང་ཚོ་ཞིག་ཡོད་ཅིང་། དེའི་ཁོངས་སུ་འདན་མའི་ཤར་ལུང་རི་དྲུག་གི་མཁར་ཤུལ་ཞེས་གྲགས་པའི་རྗེས་ཤུལ་མཇལ་རྒྱུ་འདུག དེ་ཡང་གླིང་སྒྲུང་ནང་། ཕོ་ང་དང་ང་ངོ་མ་ཤེས་ན། འདན་ཤུག་ར་ཞོལ་མའི་ཡར་ནང་ནས། འདན་ཤུག་ར་གོང་མའི་མར་ནང་ན། ཤར་ལུང་རི་དྲུག་ནང་བཅུད་ལ། དཔོན་གེ་སར་ཁྲི་གདུགས་ཉི་མ་དེའི། དཔའ་འདན་མ་འོད་ཀྱི་སིལ་མ་ཟེར་ཞེས་པ་དང་། གཞན་ཡང་། ང་འདྲ་ང་ངོ་མ་ཤེས་ན། ཤར་ལུང་རི་དྲུག་མཁར་ནང་ནས། གདན་ཁྲི་སུམ་བརྩེགས་ཡང་སྟེང་ནས། དཔའ་མི་འགྱུར་ཚ་ཞང་འདན་མ་ཡིན་ཞེས་འཁོད་པ་ལྟར། གནས་འདིར་གླིང་སྒྲུང་དང་ཐོད་ཐུག་པ་ཤར་ལུང་རི་དྲུག་གམ་སྒང་དྲུག་ངོས་འཛིན་རྒྱུ་འདུག


     ཀ་ཕུ་དགོན་པ་ནི་བཀའ་བཞི་བ་བྱང་ཆུབ་སེམས་པས་ཕྱག་བཏབ་ཅིང་། དགོན་པའི་དམངས་བདག་ཀྲུའུ་རེན་འཇམ་དཔལ་མགོན་པོ་དང་ཀྲུའུ་རེན་སྐུ་གཞོན་ཐུབ་བསྟན་འཇམ་དཔལ་རྣམ་གཉིས་ཀྱིས་ང་ཚོར་སྣེ་ལེན་གནང་བ་དང་ཆབས་ཅིག འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། སྔ་དུས་སུ་དགོན་པའི་རྟེན་དུ་འདན་མའི་གསེར་འབུམ་ཞེས་པ་དང་། འདན་མའི་མདའ་གཞུ། རལ་གྲི། སག་ཐག མདུང་། ཁྲབ་དཀར། རྨོག་དཀར། ཕུབ་སོགས་ཡོད་ཅིང་། ལོ་རེའི་བོད་ཟླ་བཅུ་གཅིག་པའི་དགུ་ཆུང་སྐབས་དེ་དག་སྤྱད་ནས་པེ་ཧར་རྒྱལ་པོ་འཆམ་སྲོལ་ཡང་ཡོད་ཅེས་ངོ་སྤྲོད་གནང་ཞིང་། ད་ལྟ་གླིང་རྗེ་གེ་སར་ལ་ཁྲ་གླག་སྤྱང་གསུམ་གྱིས་བསྐོར་བའི་ཞལ་ཐང་རྙིང་པ་དང་། འདན་མའི་རྨོག་ཏུ་གྲགས་པའི་རིག་དངོས་རྙིང་པ་མཇལ་རྒྱུ་འདུག


     འདན་མའི་མཁར་རྫོང་ཤར་ལུང་རི་དྲུག་གི་མཁར་གྱི་གཡས་ཕྱོགས་སུ་གཡུ་འབྲུག་འཁྱིལ་བའི་གད་པ་དང་། སོ་དེའུ་གོང་འགབ་ཅེས་པའི་དམག་གི་སོ་ལྟ་བྱེད་ས། སྐུ་མཁར་གྱི་གཡོན་ཕྱོགས་སྨི་ལྔ་བཅུ་ཙམ་གྱི་མཚམས་ལ་འདན་མའི་བླ་ཤིང་ཤུག་པ་ཟེར་བའི་ཤུག་སྡོང་དང་། ཡང་འདན་མའི་སྐུ་མཁར་གྱི་མདུན་ཕྱོགས་སུ་སྨི་སུམ་བརྒྱ་ལྷག་གི་མཚམས་སུ་འདན་མའི་ལྟེ་ཁྲག་འཐོར་བ་ལས་སྐྱེས་པར་གྲགས་པའི་འདན་མའི་ཚེར་ཕུང་དམར་པོའམ་འདན་གྱི་ཚེར་ཕུང་ལ་བཙས་ཞེས་པ་ཡོད། 

     འགུ་ཟི་ཤང་ནས་འདན་ཁོག་ཏུ་བསྐྱོད་སྐབས། འབྲི་ཆུའི་འགྲམ་དུ་ཆགས་པའི་འབྲུ་ཁོལ་གྲོང་ཚོར་འབྲུ་ཁོལ་ཚང་ཟེར་བའི་གླིང་ཚང་གི་ཇའི་སང་ངམ་སྡེ་དཔོན་ཞིག་ཡོད་པ་དེ་གླིང་སྒྲུང་ནང་གི་མི་སྣ་ཁྱི་ཤི་བུ་ཡི་རྒུ་རུའི་རྒྱུད་པ་ཡིན་ཞེས་བརྗོད་སྲོལ་མཆིས་ཤིང་། ད་ལྟ་མི་རྒྱུད་མ་ཆད་པར་ཡོད་པ་སྟེ། ང་ཚོར་སྣེ་ཤན་གནང་མཁན་སྐུ་ཞབས་རིག་འཛིན་ཚེ་དབང་ལགས་ཁོང་འབྲུ་ཁོལ་ཚང་གི་སྲས་པོ་སྟེ་གླིང་རྒུ་རུའི་རྒྱུད་པ་ཡིན་ཞེས་གསུངས་ཀྱི་འདུག གླིང་རྒུ་རུའི་མཁར་ཤུལ་དེ་འབྲུ་ཁོལ་གྲོང་ཚོའི་སྟོད་རྒྱུད་དུ་ཡོད་ཅིང་། གྲོང་མི་པདྨ་ཚེ་བརྟན་ལགས་ཀྱིས། རྒུ་རུའི་མཁར་ལ་ཐོག་བརྩེགས་གསུམ་བཞི་ཙམ་ཡོད་ཅིང་། ས་ཡོམ་ཆེན་པོ་ཞིག་བརྒྱབ་ཏེ་ལུང་པའི་ཕུ་ཡི་མཚོ་ཆེན་མ་དང་མཚོ་ཆུང་མ་ཞེས་པའི་མཚོ་གཉིས་ཡོད་པ་འཕྱུར་ནས་མཁར་འཇིག་པའི་བཤད་སྲོལ་ཡོད་ཅེས་ངོ་སྤྲོད་གནང་། གཞན་ཡང་རྒུ་རུའི་མཁར་ཤུལ་གནས་ཡུལ་དེ་འདན་མའི་ཤར་ལུང་རི་དྲུག་གི་མཁར་དང་བར་ཐག་ཉེ་པོ་ཡོད་ཅིང་། གླིང་སྒྲུང་ནང་ཁྱི་ཤི་བུ་ཡི་རྒུ་རུ་འདམ་མའི་མདའ་བཟོ་མཁན་ཡིན་ཞེས་བརྗོད་པའང་འབྲེལ་ཆགས་པར་མཆིས།

གྲོང་མི་པདྨ་ཚེ་བརྟན་གྱིས་གནས་ཚུལ་ངོ་སྤྲོད་གནང་བ།

     ཁྱི་ཤི་བུ་ཡི་རྒུ་རུ་ནི་ཡབ་མདའ་མཁན་སྟོང་ལྷ་མགོན་པོ་དང་། ཡུམ་སྲིན་བཟའ་ལྷ་མོ་འོད་ཆུང་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཕ་ཚ་བུ་རྒྱུད་གླིང་གི་མདའ་བཟོ་མཁན་ཞིག་ཡིན་ཞིང་། ཚ་བ་མདའ་རྫོང་ཕབ་དུས་བྱས་རྗེས་ཆེན་པོ་བཞག གླིང་སྒྲུང་ལས། མཛོ་མོ་དགུ་ཡི་བདག་པོ་ཡིན། ཞིང་ཆུ་མ་དགུ་ཡི་བདག་པོ་ཡིན། བུ་མོ་དགུ་ཡི་བདག་པོ་ཡིན། བུ་ཕྲུག་དགུ་ཡི་བདག་པོ་ཡིན་ཞེས་འཁོད་པ་ལྟར། འབྲུ་ཁོལ་གྲོང་ཚོ་ནི་ཞིང་ཁ་མང་ཞིང་ཕྱུགས་ཟོག་མཛོ་མོ་འབེལ་བའི་ས་གནས་ཤིག་ཡིན་འདུག་ཅིང་། ཕྱིས་སུ་གྲོང་ཚོ་དེའི་ནང་མཛོ་མོ་དགུ་དང་བུ་མོ་དགུ་རེ་ཡོད་པའི་དུད་ཚང་ཡང་བྱུང་ཚུལ་བརྗོད་རྒྱུ་འདུག

     འདན་མ་དྲན་གསོ་ཁང་ནི་སྤྱི་ལོ་2004ལོར་ས་གནས་དེ་གའི་སྲིད་གཞུང་ནས་ཆོག་མཆན་གནང་བ་བརྒྱུད་འདན་ཤུག་ར་དགོན་པའི་དམངས་བདག་ཀྲུའུ་རེན་ངག་དབང་སྦྱིན་པ་མཆོག་ནས་འགན་འཛིན་གནང་བའི་འོག་བཞེངས་པ་ཞིག་ཡིན་ཞིང་། མིག་སྔར་ལོ་ཕྱུག་གྲོང་རྡལ་གྱི་མཚོན་རྟགས་རང་བཞིན་གྱི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། དྲན་གསོ་ཁང་ནང་བློན་ཆེན་འདན་མའི་དབུ་རྨོག་དང་། མདུང་རིང་། དམའ་གཞུ་སོགས་རིག་རྫས་དང་དེ་མིན་གླིང་གི་དཔའ་རྟུལ་གཞན་གྱི་ཁྲབ་རྨོག་སོགས་བཤམས་སྟོན་བྱས་ཡོད་པ་མ་ཟད། ད་དུང་རིག་དངོས་འགྲེམ་སྟོན་ཚོམས་ཆེན་དང་། འདན་མ་ཐང་ག་སྒྱུ་རྩལ་རྒྱུན་འཛིན་ལས་གྲྭ། འདན་མ་དམངས་ཁྲོད་བཟོ་རྩལ་རྒྱུན་འཛིན་ལས་གྲྭ། དམངས་སྲོལ་འགྲེམ་སྟོན་ཁང་། ལོ་རྒྱུས་མི་སྣ་གྲགས་ཅན་གྱི་འགྲེམ་སྟོན་ཁང་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་འགྲེམ་སྟོན་ཁང་ཆེན་པོ་ཞིག་ཏུ་འཛུགས་གཉེར་གནང་བཞིན་ཡོད།

     འདིར་ཆེད་དུ་བརྗོད་འོས་པ་ཞིག་ནི་འདན་ཁོག་ས་གནས་སུ་ཤུག་ར་དགོན་པའི་དམངས་བདག་ཀྲུའུ་རེན་ངག་དབང་སྦྱིན་པ་ལགས་དང་། ལོ་ཕྱུག་གྲོང་རྡལ་གྱི་ཧྲུའུ་ཅི་བཟོད་པ་ལགས་སོགས་གཟིགས་རྒྱང་རིང་བའི་མི་སྣ་ཡོད་པའི་དབང་གིས་འདན་ཁོག་ས་གནས་ཀྱི་གེ་སར་རིག་གནས་ཚུད་པའི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ནི་དགའ་འོས་པ་ཞིག་ཡིན། མཇུག་ཏུ་ལོ་ཕྱུག་གྲོང་རྡལ་གྱི་འདན་མ་དྲན་གསོ་ཁང་སོགས་ཀྱང་གེ་སར་རིག་གནས་ལ་ཞིབ་འཇུག་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་དང་འགྲེམ་སྟོན་བྱེད་པའི་སྟེགས་བུ་ཡག་པོ་ཞིག་ཏུ་འགྱུར་བའི་སྨོན་འདུན་དང་བཅས་མཚམས་ཞུ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号